ཡ་རེ་ང་།


(མི་རིགས་ཀྱི་ཆེད་རང་ལུས་མེར་སྒྲོན་མཁན་སྤུན་ཟླ་ཚོར།)

སྟོད་ཉི་མ་ཐག་རིང་ནུབ་ལ་བརྒལ། །
ས་དོག་མོས་སྨག་རུམ་གྲོགས་སུ་བཀུག།།
ངེད་འགྲོ་བའི་མིག་ཟུང་མུན་སྟུག་པོར། །
སྤུན་སྒྲོན་མེའི་ཚོགས་ཀྱིས་འོད་འདྲེན་དུས། །
ད་ཕུ་ནུའི་སེམས་པ་ཡ་རེ་ང་། །

སྨད་ཟླ་བ་སྨུག་པོ་སྤྲིན་གྱིས་བསྒྲིབས། །
ཐུན་གསུམ་པོས་སྡུག་གི་བག་མ་བསུས། །
ངེད་མགོ་ནག་དམྱལ་བའི་གནས་མྱོང་ཚེ། །
སྤུན་སྒྲོན་མེའི་ཚོགས་ཀྱིས་སྐྱིད་འཚོལ་དུས། །
ད་ཕུ་ནུའི་སེམས་པ་ཡ་རེ་ང་། །

བྱང་སྐར་ཚོགས་སྨུག་དང་ཆར་གྱིས་གཡོགས། །
དགུང་སྔོན་མོས་འཁྱགས་ལ་སྔས་སུ་བསྟེན། །
ངེད་རྩམ་ཟན་བདེ་བའི་དྲོད་ཡལ་པོར། །
སྤུན་སྒྲོན་མེའི་ཚོགས་ཀྱིས་ཟེར་སྦྱིན་དུས། །
ད་ཕུ་ནུའི་སེམས་པ་ཡ་རེ་ང་། །
༢༠༡༢།༢།༡ ཉིན།

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།