ཆར་རྗེས།

 
གནམ་རྒན་ངུ་ཤོར་མ་ཡི་ལྐོག་མའི་འོག།
གཡུ་ལོ་འདབ་ལྡན་ཅན་དག་ཞལ་ངོ་འཁྲུད།།
རྩྭ་རྩེར་ཟེའུ་འཁུངས་པའི་འོད་རླབས་ཀྱིས།།
ས་གཞི་ཆེན་པོར་མཛེས་པའི་སྒེག་ཅིག་སྦྱིན།།
 
ལམ་བུ་རྨ་ཁ་མང་བའི་སྒལ་གཞུང་ནས།།
གཤེར་ཁུའི་བཞུར་རྒྱུན་ཐུར་དུ་ཤང་ཤང་རྒྱུ།།
ཀོ་ལྷམ་རིན་གོང་ཆེན་པོའི་བདག་པོ་འགའ།།
སྐྱེངས་ཡང་ལྟ་བ་མཐོ་པོས་དམོད་པ་འཆོར།།
 
རྐང་འགོ་ཆུ་ལ་ཐུག་རྒྱུར་མི་བཟོད་པས།།
ཇ་ཁང་ཀ་མེད་དེ་ནས་ངལ་ཞིག་གསོས།།
མངར་ཇ་ཕོར་པ་གང་པོ་འཇིབ་ཞོར་དུ།།
སེམས་ཀྱི་འགྱུ་བ་འགོད་པའི་ངལ་བ་བསྟེན།།
 
སྤྲིན་ཕུང་ཁྲོས་པའི་ཐུག་སྒྲ་དབེན་ན་ཡང་།།
སྣུམ་འཁོར་སྐད་ངན་ཅན་པོའི་འབྲུག་སྐད་ངར།།
ཁྱི་གུ་བདག་མེད་འགའ་ཞིག་འཇིགས་སོང་བས།།
འདུག་སའི་རྐུབ་སྟེགསའོག་དེར་འཇབ་ཏུ་འོང་།།
 
མདུན་གྱི་མཛེས་སྡུག་ལྡན་པའི་ཁང་བཟང་དག།
མཐོང་ན་མིག་ལ་བདེ་བའི་དཔལ་སྟེར་ཡང་།།
སེང་སེང་གང་ནས་རུལ་དྲི་འཐུལ་ཚུལ་དེས།།
སྣ་ཡི་བུ་གར་གདུག་གྱི་གནད་ཅིག་སྦྱིན།།
 
ཕྲག་འགོ་ཁུག་མ་ཐོགས་པའི་ཉ་མོ་གཟུགས།།
ཆུ་ཡི་གཞུང་དུ་རྩལ་ལ་རོལ་བ་འདྲ།།
ལག་པར་གདུགས་ཀྱི་ཡུ་བ་འཛིན་པ་དག།
གནམ་རྒན་མོ་ལ་ཞེན་པ་ལོག་པ་འདྲ།།
 
ཕྱུ་པའི་སྣེ་མོ་འཛིན་པ་འགའ་ཞིག་ལ།།
རིགས་ཀྱི་ཞེན་པས་བཅིངས་པ་ཡིན་ན་ཐང་།།
ལས་ཁུངས་ཟེར་བའི་གཞུང་གི་ར་བ་དེས།།
དུས་ཚོད་འདི་ལ་ཆར་ཁེབས་གཡོགས་པ་འོ།།
 
སྐུ་ངོ་ཟེར་བའི་མིང་ཚིག་ལྗིད་མོ་དེ།།
སྡོང་པོ་ཞིག་གི་ཚོད་དུ་འགྲེང་ཡོད་ལ།།
ཆུ་ཡི་ཐིགས་པ་རེ་རེའི་བག་ཆགས་ཀྱིས།།
རྩ་བ་བརྟན་པོ་ཞིག་ཀྱང་ཚུགས་ཡོད་ཨང་།།
 
རློན་པར་གྱུར་བའི་ཐོག་ཁའི་དག་ལྕོག་དེས།།
ལོ་རྒྱུས་ཤིག་ལ་དྲན་གསོ་སློང་བར་བྱེད།།
སྒོ་ཁར་བྲིས་པའི་ཁ་བྱང་རྫིག་པོ་འདི།།
སུ་ཡི་སེམས་ལ་བཞུགས་པའི་ཚེ་སྲོག་ཡིན།།
 
༢༠༡༤།༠༧།༢ཉིན་གངས་སྐྱིད་ནས
 
 
 
 

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།