ངའི་གྲོགས་པོ།
གྲོགས་པོ་ནི་རང་ཉིད་དང་བློ་སེམས་མཐུན་ཞིང་། རྒྱུན་དུ་འཚོ་བའི་ཁྲོད་སྐྱིད་ཀྱི་བདེ་བར་མཉམ་རོལ་དང་།
སྡུག་གི་ཁུར་པོ་མཉམ་འཁུར་ཐུབ་བའི་མི་ཞིག་སྟེ། རང་ཉིད་ཀྱི་ཆེད་དུ་བློས་གཏོང་དང་བསམ་ཤེས་ཐུབ་མཁན་ཞིག་ལ་ཟེར།
ང་རང་གི་གྲོགས་པོ་ཡང་དེ་ལྟར་རེད། ཁོ་པའི་མིང་ལ་ཟླ་བ་ཟེར། ང་གཉིས་སློབ་ཆུང་སྐབས་ནས་མཉམ་དུ་རྩེད་ཅིང་མཉམ་དུ་འཚར་ལོངས་བྱུང་བ་རེད།
ད་ཆ་ཟླ་བ་ངོ་གདོང་དཀར་ཞིང་ལུས་སྟོབས་ལེགས་པའི་ཕོ་རྒོད་དར་མ་ཞིག་ལ་གྱུར་ཡོད་ཀྱང་།
ཁོའི་གཤིས་ཀ་དང་བྱེད་སྟངས་ལ་འགྱུར་བ་དེ་ཙམ་བྱུང་མི་འདུག
།དེར་བརྟེན་ཁོ་པ་དང་ལྷན་དུ་ཡོད་སྐབས་ངའི་སེམས་ན་ང་གཉིས་ད་དུང་ཆུང་ཆུང་ཡིན་པའི་སྣང་བ་ཞིག་ངང་གིས་ཡོང་གི་འདུག
།
ཁོ་ནི་ཆུང་དུས་ནས་སྦྱངས་འབྲས་ལེགས་ཤིང་། གྱོན་གོས་དང་། གཙང་སྦྲ་འཕྲོད་བསྟེན་ལ་དོ་སྣང་ཆེ་བས། སློབ་འབྲིང་དང་སློབ་ཆེན་སྐབས་སུ་བཟང་པོ་གསུམ་ལྡན་གྱི་སློབ་མའི་བྱ་དགའ་ཐེངས་མང་བླངས་མྱོང་།
ཁོ་པར་རྒྱུན་ལྡན་ནས་མི་གཞན་ལ་ཁ་བརྡ་བྱ་རྒྱུའི་གོམས་གཤིས་དེ་ཙམ་མེད་ཀྱང་། ང་གཉིས་གཅིག་པུར་ནམ་སྡོད་སྐབས་མི་གཞན་ཞིག་ལ་གྱུར་སོང་བ་ལྟར་སྐྱིད་སྡུག་གི་གཏམ་གླེང་མང་པོ་ཞིག་བཤད་རྒྱུ་ཡོད།
ཁོ་པ་རྒྱུན་དུ་རྐང་རྩེད་སྤོ་ལོ་རྩེ་རྒྱུར་དགའ་བས་རེས་གཟའ་ཉི་མ་ནམ་ཡིན་ལ་ཞོགས་པའི་ཆུ་ཚོད་དྲུག་པ་ནས་ང་རང་རྩེད་ཐང་དུ་འགྲོ་རྒྱུར་འབོད་དུ་འོང་གི་རེད།
སྐབས་རེ་ང་རང་གཉིད་ལས་ལངས་ན་མི་འདོད་པར་ཁོར་ཚིག་ངན་འགའ་བཤད་མྱོང་ཡང་ཁོ་པས་ནམ་ཡིན་ཡང་ཁོང་ཁྲོ་བསྟན་མྱོང་མེད།
ཁོར་དེ་ལས་ལྡོག་སྟེ་བཤད་རྒྱུ་ཞིག་ཡོད་པ་ནི་“ཞོགས་པའི་ལུས་སྦྱོང་གི་གལ་ཆེའི་རང་བཞིན་”ཟེར་བ་དང་། “གཞོན་དུས་ལུས་སྦྱོང་མ་བྱས་ན་རྒས་ཚེ་དཀའ་ངལ་འཕྲད་རྒྱུ་རེད་”ཟེར་བ་དེ་རེད། ཚིག་དུམ་དེ་ད་ཆ་ཡང་ཁོ་པའི་མཆུ་རྩེར་མ་ཎི་ལྟར་འཇགས་འདུག།
སྤེན་པ། དགེ་འོས།
Comments