འགྱོད་སེམས།
(ངའི་སྐྱེས་སྐར་ལ་ཕུལ།)
དང་པོ་ཨ་མས་ང་ལ།།
གཞན་ཡུལ་མ་འགྲོ་གསུངས་བྱུང་།།
གལ་སྲིད་འགྲོ་དགོས་བྱུང་ཡང་།།
རང་ཡུལ་མ་བརྗེད་གསུངས་བྱུང་།།
བུ་ཆུང་མི་ཡུལ་བསླེབས་ནས།།
ཕ་ས་ཕ་ཡུལ་བརྗེད་འདུག།
ཡུམ་ཆེན་ཨ་མ་ཁྱེད་ལ།།
སྙིང་ནས་དགོངས་དག་ཞུ་འོ།།
དང་པོ་ཨ་ཕས་ང་ལ།།
གཞན་སྐད་མ་སྦྱང་གསུངས་བྱུང་།།
གལ་སྲིད་སྦྱོང་དགོས་བྱུང་ཡང་།།
རང་སྐད་མ་བརྗེད་གསུངས་བྱུང་།།
བུ་ཆུང་གཞན་སྐད་གོམས་པས།།
རང་སྐད་གཏིང་གིས་བརྗེད་འདུག།
ཡབ་ཆེན་ཨ་ཕ་ཁྱེད་ལ།།
སེམས་ནས་དགོངས་དག་ཞུ་འོ།།
དང་པོ་ཕ་མས་ང་ལ།།
གཞན་ལུགས་མ་སྦྱང་གསུངས་བྱུང་།།
གལ་སྲིད་སྦྱོང་དགོས་བྱུང་ཡང་།།
རང་ལུགས་མ་འདོར་གསུངས་བྱུང་།།
བུ་ཆུང་གཞན་ལུགས་ལོབས་པས།།
ཡུལ་གྱི་ཆ་ལུགས་དོར་སོང་།།
ཡབ་ཡུམ་དྲིན་ཅན་གཉིས་ལ།།
འདི་ནས་དགོངས་དག་ཞུ་འོ།།
༢༠༡༤།༡༡།༢༠ ཉིན།
Comments