ཕ་ཡུལ་གཅིག་པ་ཚོར་སྐད་འཕྲིན་ནས་ཁ་སྐད་ཀྱིས་གདམས་པ།

                                                
ཀ་ཡེ་གསན་དང་ཡུལ་གྲོགས་སྤུན་ཟླ་ཚོ།།
ཁ་ཙམ་མིན་པར་སེམས་ཀྱི་གཏམ་ཞིག་ཡོད།།
ག་ས་གང་དུ་གནས་པའི་ས་ཕྱོགས་ནས།།
ང་ཚོའི་ཡུལ་གྱི་མཛེས་སྡུག་མ་བརྗེད་ཨང་།།

ཅ་ཅོའི་གཏམ་ངན་ལན་རེ་བཤད་རེས་ཀྱིས།།
ཆ་ལུགས་བཟང་པོའི་འདུ་ཤེས་མ་འདོར་རོགས།།
ཇ་ཆང་རྩམ་པས་འཚོ་བའི་ལོ་ཡུལ་དུ།།
ཉ་ཁྱུ་འཛོམས་པའི་སྨོན་ལམ་འདེབས་རོགས་ཨང་།།

ཏ་ཐ་ག་ཐའི་ལུགས་གཉིས་བསླབ་ཟུང་སོགས།།
ཐ་ན་ཉིན་རེར་ཐེངས་རེ་གླེང་རོགས་མཛོད།།
ད་དུང་ཡུལ་གྱི་ལུགས་དང་གོམས་གཤིས་སོགས།།
ན་རྒས་ཚོགས་ཀྱིས་གཞོན་པར་བསླབ་རོགས་ཨང་།།

པ་ཏྲ་ལྟ་བུའི་མཛེས་སྡུག་སེམས་པ་འདི་།།
ཕ་ཡུལ་ཕྱོགས་ལ་ཡང་ཡང་གཏོང་རོགས་མཛོད།།
བ་གམ་ཁང་ཆེན་ལ་སོགས་ལྡན་ན་ཡང་།།
མ་ལོ་འདྲ་བའི་ཕ་ཡུལ་མ་བརྗེད་ཨང་།།

ཙ་ར་བཅད་ཚེ་ནོར་བ་མང་བའི་ལས།།
ཚ་ཚ་འུར་འུར་ངང་ནས་འགོག་རོགས་མཛོད།།
ཛ་ལང་ཅན་གྱི་བྱ་སྤྱོད་ངན་པ་དང་།།
ཝ་མོའི་གཡོ་བྱུས་སོགས་ལ་གཟབ་རོགས་ཨང་།།

ཞ་གོས་ལ་སོགས་འབྱོར་བས་ཕྱུག་ན་ཡང་།།
ཟ་ཉལ་འགྲོ་འདུག་སྤྱོད་ལམ་སྲུང་རོགས་མཛོད།།
འ་ཅག་ཡ་རབས་ཡུལ་གྱི་བུ་ཡིན་པས།།
ཡ་རབས་བཟང་པོ་རྒྱུན་འཁྱོང་གནང་རོགས་ཨང་།།

ར་མ་ལུག་གི་སྐད་ཡིག་སྤྱོད་ཚུལ་དེའང་།།
ལ་རྒྱར་བསམས་ནས་མྱུར་དུ་འགོག་རོགས་མཛོད།།
ཤ་ཚའི་ཡུལ་དུ་གྱུར་བའི་རང་སྐད་དེ།།
ས་ཕྱོགས་གང་དུ་ཡོད་ཀྱང་སྤྱོད་རོགས་ཨང་།།

ཧ་ཅང་སྙན་པོ་མེད་པའི་སྐད་ཆ་འདི།།
ཨ་ཆུང་སེམས་ལ་བབས་ན་ཉར་རོགས་མཛོད།།
ཧ་ཧ་གད་མོའི་ཡུལ་དུ་གྱུར་སོང་ན།།
ཨ་ལེ་ཀུ་རེའི་ཚུལ་དུ་བཟུང་རོགས་ཨང་།།


                                           ༢༠༡༣།༠༩།༢༡  ཉིན་ཝཱ་ར་ཎ་སི་ནས།

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།