ངོ་དེབ་ཐོག་ནས་གླེང་མོལ་བྱས་རྗེས།
ཡིག་འབྲུ་རེ་རེ་སེམས་པའི་ཚབ་ཏུ་བཀོད།།
ཕན་ཚུན་བར་ལ་རྒྱུས་ལོན་ངོ་ཤེས་བཏང་།།
འཇིག་རྟེན་ཆུང་ངུར་འགྱུར་བའི་རང་བཞིན་འདིས།།
ང་དང་ཁྱོད་ལ་བར་ཐག་མི་འདུག་ཟེར།།
འདྲ་པར་འགའ་ཞིག་རླུང་ལ་བསྐུར་རེས་ཀྱིས།།
དགའ་དང་མི་དགའ་རང་རང་འཐད་ཕྱོགས་གླེང་།།
ལས་དབང་གཅིག་ཏུ་གྱུར་བའི་ངང་ཚུལ་འདིས།།
ང་དང་ཁྱོད་ལ་ཁྱད་པར་མི་འདུག་ཟེར།།
ཁྱོད་ཀྱི་ཞལ་ཁྱིམ་མཛེས་སྡུག་མེ་ཏོག་རེད།།
བདག་གི་ངོ་གདོང་སྨུག་པོ་ནགས་རྫོབ་ཡིན།།
སྐྱེ་ས་ས་རྡོ་ཡིན་པའི་བག་ཆགས་འདིས།།
ང་དང་ཁྱོད་ལ་འགལ་བ་མི་འདུག་ཟེར།།
ཁྱོད་ཀྱི་གཏམ་རྒྱུད་ཁྲ་ཁྲ་རིང་མོ་དང་།།
ང་ཡི་ལོ་རྒྱུས་ནག་པོ་རྡུམ་རྡུམ་གཉིས།།
སྐྱིད་སྡུག་འདྲེས་མར་བཀོད་པའི་རི་མོ་འདིས།།
ང་དང་ཁྱོད་ལ་དབྱེ་བ་མི་འདུག་ཟེར།།
༢༠༡༣།༠༩།༠༤ ཉིན།
Comments