གཉེན་བསྒྲིགས་མ་ཐག་པའི་བུ་མོ་ཞིག་གིས་མ་ལ་སྤྲིངས་པ།
རྩོམ་པ་པོ་མི་གསལ།
རིགས་གྲོལ་གྱིས་བསྒྱུར།
བྱམས་ལྡན་གྱི་མ་ལགས།
ང་རང་ཆུང་དུས་ནས། ཆེས་སྤྱིར་བཏང་གི་བུ་མོ་ཞིག་ལྟར་གཉེན་སྒྲིག་རྒྱུར་རྔམ་ཡོད་ཅིང་། (སྐབས་དེ་དག་ལ་)མཛེས་སྡུག་ལྡན་པའི་སྲས་ཞིག་དང་ལྷན་དུ་འཚོ་བའི་དུས་ཚོད་འདིའི་རྒྱབ་ལྗོངས་ལ་བསམ་བློ་ཞིག་བཏང་མྱོང་མེད།
འོན་ཀྱང་། ད་ཆ་གཉེན་བསྒྲིགས་རྗེས།
གཉེན་སྒྲིག་ནི་རྒྱ་སེ་མེ་ཏོག་འདྲ་བའི་མཛེས་སྡུག་ལྡན་པ་ཞིག་མིན་པ་ཤེས་སོང།
འདི་ནི་བྱམས་ཀྱིས་བསྐྱངས་བའི་མ་ཁྱེད་དང་ལྷན་དུས་སྟོན་ལ་རོལ་བ་ལྟ་བུ་ཞིག་མིན་པར།
འདི་ན་མང་པོ་མང་པོ་ཞིག་བྱ་དགོས། འདི་ན་ཡང་ཐོབ་སྐལ་ལྟ་བུའི་འགན་འཁུར་དང་། འོས་འགན།
བློས་གཏོང་། བསམ་ཤེས་དགོས་པ་སོགས་མང་པོ་ཞིག་མཆིས།
ང་རང་ནང་མི་ཚང་མའི་སྔོན་ནས་ལངས་ཏེ་(ཟ་མ་སོགས་)གྲ་སྒྲིག་བྱེད་དགོས་པས།
ནམ་གཉིད་ལས་ལངས་འདོད་པ་ལྟར་ལང་མི་ཐུབ། ནམ་ཡིན་ཡང་ནང་མི་ཚོའི་འགྲམ་དུ་འདུག་དགོས་པས།
ཉིན་ཧྲིལ་པོར་ནང་གྱོན་འོག་ལྷོད་ཀྱིས་འདུག་མི་ཐུབ།
ང་རང་གིས་ནང་མི་ཚོའི་དགོས་མཁོ་མཐའ་དག་ལ་བྱུས་གཏོགས་བྱེད་དགོས་པས།
ནམ་ཕྱི་ཕྱོགས་སུ་འགྲོ་འདོད་པ་ལྟར་འགྲོ་མི་ཐུབ།
ནམ་ཡིན་ཡང་ནང་མི་ཚོའི་ཉེ་འགྲམ་ནས་གྲུང་ཤ་དོད་པོས་སྡོད་དགོས་པས།
ནམ་མལ་དུ་རུམ་འདོད་པ་ལྟར་རུམ་མི་ཐུབ།
དེ་ལྟར་ངས་རང་ཉིད་ལ་སྲས་མོ་ཞིག་ལྟར་གཅེས་སྐྱོང་ཐོབ་རྒྱུར་རེ་མི་རུང་ཁར།
ང་རང་གིས་ནང་ནི་ཚང་མར་དེ་ལྟར་ལྟ་སྐྱོང་བྱ་དགོས།
དེར་བརྟེན།
མཚམས་རེར་ངས་གཉེན་སྒྲིག་ཅི་ཕྱིར་བྱས། ཞེས་རང་གིས་རང་ལ་དྲིས་མྱོང་། མ་ལགས། ང་རང་ཁྱེད་ཀྱི་དྲུང་དུ་འདུག་སྐབས་ཧ་ཅང་སྐྱིད།
མཚམས་ལ་ལར་ངས་ཕྱིར་རང་ཁྱིམ་དུ་ལོག་ན་འདོད་ཅིང་།
སླར་ཁྱེད་ཀྱི་དྲུང་ནས་ཅི་འདོད་ཅི་བྱས་ཀྱིས་འཚོ་ཞིང་།
སྔོན་མ་ལྟར་ཉིན་ཧྲིལ་པོ་གྲོགས་མོ་ཚོ་ལྷན་དུ་ཕྱིར་འཁྱམས་རྗེས་ཁྱོད་ཀྱི་བཟོས་པའི་ཟ་མ་དགའ་ཤོས་དེ་ཚོ་དགོང་ལྟར་ཟོས་ན་འདོད།
ད་དུང་། ངས་ཁྱོད་ཀྱི་པང་ནས་སེམས་ཁྲལ་ཅི་ཡང་མེད་པ་ལྟར་ཉལ་ན་འདོད། འོན་ཀྱང་།
གློ་བུར་གློ་བུར་ཞིག་ལ།
ཁྱོད་ཀྱིས་ཀྱང་གཉེན་བསྒྲིགས་ནས་བློས་གཏོང་འདི་ལྟར་བྱས་པ་དྲན་རྗེས།
ང་ཡང་མཛེས་སྡུག་ལྡན་པའི་འདས་དོན་དག་ལ་ཕྱིར་དྲན་ཐག་འཐེན་ནས་འདུག་ཁོམ་མེད་པ་རྟོགས།
དེར་བརྟེན་འདི་དག་གི་རྒྱུ་མཚན་ཡང་རང་བཞིན་གྱིས་གསལ་དུ་ཕྱིན་སོང་།
འདི་དག་ཐམས་ཅད་ནི་ང་རང་ལ་ཁྱོད་ལས་ཐོབ་པའི་བདེ་སྐྱིད་དང་། ཞི་བདེ།
སེམས་གསོ་སོགས་པ་ཚང་མ་ནང་མི་གསར་པ་ཞིག་ལ་ཕྱིར་གསབ་དགོས་པས་ལོས་ཡིན།
འོན་ཀྱང་ང་ལ་ཡིད་ཆེས་ཡོད།
དུས་ཚོད་དལ་གྱིས་འགྲོ་གིན་ངས་ཀྱང་ཁྱེད་ལྟར་མི་ཚེ་འདིར་ཞེན་ཆགས་ཤིག་རང་བཞིན་གྱིས་སྐྱེ་ངེས་རེད་ཨང་།
མ་ལགས། བུ་མོས་ངས་ཁྱེད་ཀྱིས་བདག་ལ་བློས་གཏོང་དང་།
བསམ་ཤེས་སོགས་མང་པོ་མང་པོ་ཞིག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་དག་གིས་ང་ལ་ཁྱེད་ལྟར་བྱ་བ་སྒྲུབ་རྒྱུར་རང་བཞིན་གྱིས་སེམས་ཤུགས་ཤིག་སྦྱིན་ཡོང་གི།
༢༠༡༣།༠༧།༣༠ ཉིན་བསྒྱུར།
Comments