བརྩེ་དུངས་ཀྱི་ལྟ་གྲུབ
པར་སི་བྷའི་ཤ་ཤེ་ལེ་ཡིས་བརྩམས།
རིགས་གྲོལ་གྱིས་བསྒྱུར།
ཆུ་མིག་དེ་དག་གཙང་ཅུ་དང་འདྲེས་ཤིང་
གཙང་ཆུ་དེ་དག་རྒྱ་མཚོ་དང་འདྲེས་
དག་ཞིང་གི་བསེར་རླུང་དེ་དག་གིས་ཀྱང
གཏན་དུ་འདུ་ཤེས་མཚར་པོ་ཞིག་དང་འབྱར་འདུག
དངོས་པོ་མཐའ་དག་གནམ་བསྐོས་ཁྲིམས་ལུགས་དེས
བླ་སྲོག་གཅིག་ཏུ་འཕྲད་བཅུག་པ་ལྟར་འདྲེས་ཡོད་པས
འཇིག་རྟེན་འདི་ན་གང་ཡང་ཁེར་རྐྱང་དུ་ལུས་མེད
འོན་ཀྱང་། ཅི་ཕྱིར་ང་རང་ཁྱོད་དང་དེ་ལྟར་མ་ཐུབ
ལྟོས་དང
རི་བོ་དག་གིས་དག་ཞིང་ལ་མཆུ་སྦྱོར་ཞིང
རྦ་རླབས་དག་གིས་ཕན་ཚུན་ལ་འཐམ་འཁྱུད་བྱེད་ཀྱི
གལ་ཏེ མེ་ཏོག་ཞིག་གིས་ནུ་བོར་བརྙས་བཅོས་བྱས་ན
ཆག་ཡང་ཞིག་ཐོབ་རྒྱུ་མ་རེད་ཨང
དེ་བཞིན་ཉི་འོད་ཀྱིས་ས་གཞིར་འཁྱུད་ཅིང་
ཟླ་འོད་ཀྱིས་རྒྱ་མཚོར་ཁ་སྐྱེལ་འདུག
གལ་ཏེ ཁྱོད་ཀྱིས་བདག་ལ་འོ་ཞིག་མི་བྱེད་ན
མཆུ་སྦྱོར་འདི་དག་ལ་རིན་ཐང་ཅི་ཞིག་ཡོད
པར་སི་བྷའི་ཤ་ཤེ་ལེ་ནི་དུས་རབས་བཅུ་དགུ་པའི་ནང་ཨིན་ཡུལ་གྱི་རྟོགས་བརྗོད་སྙན་ངག་པ་གྲགས་ཅན་ཞིག་རེད། གལ་ཏེ་མ་ཡིག་ལ་གཟིགས་ན་གཤམ་གྱི་དྲ་བྱང་ཐོག་སྣུན་རོགས།
༢༠༡༣།༠༧།༡༦ ཉིན།
Comments