སྒྲུང་ཐུང་བོད་སྒྱུར་མ། (༢༡-༢༥)

 ༢༡) རོགས་ཟླ་བཟང་པོ་དང་ངན་པ།


      ནེ་ཙོ་ཕོ་མོ་གཉིས་ཀྱིས་ཤིང་ནྱ་གྲོ་ཏ་ཞིག་གི་སྟེང་ཚང་བཟོས་པ་རེད། ནེ་ཙོ་མོ་དེས་ཚང་དེའི་ནང་སྒོ་ང་གཉིས་བཏང་སྟེ། དུས་ཡུན་གང་འཚམ་སོང་རྗེས་སྒོ་ང་གཉིས་ནས་བྱིའུ་ཕྲུག་ཐོན། ནེ་ཙོ་ཕ་མ་གཉིས་ཀྱིས་བྱིའུ་ཕྲུག་གཉིས་ལ་བལྟ་རྟོག་དང་བྱམས་སྐྱོང་ལེགས་པོ་བྱས། གཟའ་འཁོར་འགའ་ཡི་རྗེས་བྱིའུ་ཕྲུག་གཉིས་གང་འཚམ་ཆེན་པོ་ཆགས་ཏེ་རྒྱང་ཐག་རེ་ཙམ་གྱི་ས་ལ་འཕུར་ཐུབ་པར་གྱུར་བ་ན།  ནེ་ཙོ་ཨ་ཕ་དེས་“ངེད་གཉིས་ཀྱིས་ད་བར་ཕྲུ་གུ་ཚོར་བདག་སྐྱོང་ཡག་པོ་བྱས་ཡོད་ལ། ལྟོ་ཡང་ཡག་པོ་སྟེར་ཡོད། ཁོ་ཚོས་མཉམ་དུ་རྩེད་མོ་མང་པོ་མང་པོ་རྩེས་ཡོད་རེད། ད་ནི་ཁོ་ཚོས་འཕུར་སྟངས་ཀྱང་ཤེས་པས། ཁོ་གཉིས་ཀྱིས་སོ་སོར་བལྟ་རྟོག་བྱ་ཐུབ་རྒྱུ་རེད། དེར་བརྟེན་ངེད་གཉིས་ཀྱིས་ག་ལེར་ཁོ་ཚོ་དང་ཁ་བྲལ་ཐབས་བྱས་ཏེ་ཁོ་གཉིས་ལ་སོ་སོའི་དོན་དག་སོ་སོས་ཐག་གཅོད་བྱེད་དུ་འཇུག་དགོས།” ཞེས་བཤད།  


      དེ་ནས་ཉིན་ལྟར་ནེ་ཙོ་ཕ་མ་གཉིས་ཞོགས་པ་སྔ་པོ་ནས་བྱིའུ་ཕྲུག་གི་ཆེད་དུ་ལྟོ་འཚོལ་བར་མཉམ་དུ་འཕུར་ནས་འགྲོ་ཞིང་། དགོང་མོ་ཟ་མ་འཁྱེར་ནས་ལོག་ཡོང་གི་ཡོད། དེ་ནི་དུས་སྐབས་ཤིག་གི་རིང་ཁོ་ཆོའི་མི་ཚེ་སྐྱེལ་སྟངས་ལྟ་བུར་གྱུར་བ་རེད།


      ཉིན་ཞིག་རྔོན་པ་ཞིག་གིས་ནེ་ཙོ་དེ་ཚོའི་བྱ་སྤྱོད་མཐོང་ཞིང་། ནེ་ཙོ་རྒན་པ་དག་ཕྱི་ཉིན་ཞོགས་པ་སྔ་པོ་ནས་ཕྱི་ལ་འགྲོ་རྒྱུ་ཡིན་པ་རྟོགས་པ་རེད། དེར་ཁོས་ཞོགས་པ་ནེ་ཙོ་རྒན་པ་གཉིས་ཕྱི་ལ་ཕྱིན་རྗེས་བྱིའུ་ཕྲུག་དག་གཟུང་རྒྱུ་ཐག་བཅད། ཁོ་པས་འཆར་གཞི་ལྟར་བྱིའུ་ཕྲུག་གཉིས་བཟུང་པ་རེད། བྱིའུ་ཕྲུག་གཉིས་ཀྱིས་ནུས་ཤུགས་ཡོད་རྒུས་རྔོན་པའི་ལག་ནས་བྲོས་ཐབས་བྱས་པ་ན་གཅིག་བྲོས་ཐར་ཞིང་། ཅིག་ཤོས་དེ་རྔོན་པས་ལྕགས་ཁྲའི་ནང་བཅུག་ནས་རང་ཁྱིམ་དུ་ཁྱེར་ཕྱིན།


       རྔོན་པས་ཁོ་པའི་ཕྲུ་གུར་ “ ངས་བྱིའུ་ཕྲུག་གཉིས་བཟུང་ཡང་གཅིག་ཤོར་སོང་།” ཞེས་བཤད་པ་དང་། ད་དུང་“འདི་ལྕགས་ཁྲའི་ནང་ཡག་པོ་བཅུག་ནས་རྩེད་མོ་རྩེས་ཤིག” ཅེས་བརྗོད།


       རྔོན་པའི་བུ་ཕྲུག་ཚོས་ནེ་ཙོ་དང་མཉམ་དུ་རྩེད་མོ་རྩེས་ཤིང་། མི་འགྱངས་བར་ནེ་ཙོ་དེས་མི་སྐད་འགའ་རེ་བཤད་ཤེས་པར་གྱུར་བས། བྱིས་པ་ཚོས་རྔོན་པར་ “ཨ་ཕ། ང་ཚོའི་ནེ་ཙོས་སྐད་ཆ་འགའ་ཤས་བཤད་ཤེས་ཀྱི་འདུག” ཅེས་བཤད།


       བྲོས་ནས་འགྲོ་མཁན་ནེ་ཙོ་དེ། རྔོན་པའི་ལག་ནས་ཐར་ནས་དུས་ཡུན་གང་འཚམས་ཤིག་འཕུར་རྗེས། དམ་པ་འགའ་བཞུགས་པའི་དབེན་གནས་ཞིག་ལ་སླེབས་པ་རེད། དམ་པ་དག་གིས་ཁོ་པར་གནོད་འཚེ་རྩ་བ་མ་བྱས་སྟབས། ནེ་ཙོ་དེ་དེར་བསྡད་ནས་དྲང་སྲོང་དག་གི་བཀའ་མོལ་ཉན་པས་དེས་ཀྱང་མི་སྐད་འགའ་ཤས་སྨྲ་ཤེས་པར་གྱུར། 


        ཉིན་ཞིག་ཡུལ་སྐོར་བ་ཞིག་རྔོན་པའི་ཁང་པ་ཆུང་ཆུང་དེའི་འགྲམ་ནས་འགྲོ་བཞིན་པའི་སྐབས་དཀའ་ལས་ཧ་ཅང་ཁག་ནས་ནེ་ཙོའི་བྱ་ཚང་གི་འོག་ཏུ་ཉལ་གསོ་བྱས། ཁོས་ནེ་ཙོས་“བླུན་པོ་ཁྱོད་ཅིའི་ཕྱིར་འདིར་ཡོང་བ་ཡིན། ངས་ཁྱོད་ཀྱི་སྐེ་གཅོད་ངེས་ཡིན།” ཞེས་བཤད་པ་ཐོས།  ཡུལ་སྐོར་བ་དེ་སྐད་ཆ་དེ་འདྲ་ཞིག་ཐོས་རྗེས་བློ་མི་བདེ་བར་གྱུར། ཁོ་པ་ལམ་སེང་ཡར་ལངས་ཏེ་བྲེལ་འཚུབ་ངང་ས་ཆ་དེ་དང་ཁ་བྲལ་བ་རེད།  དེ་ནས་ཁོ་རྐང་ཐང་དུ་དུས་ཡུན་གང་འཚམ་སོང་རྗེས་དབེན་གནས་ཤིག་ཏུ་འབྱོར།  ནེ་ཙོ་ཞིག་དབེན་གནས་དེའི་འགྲམ་དུ་ཤིང་སྡོང་ཞིག་གི་སྟེང་དུ་བསྡད་ཡོད། ནེ་ཙོ་དེས་“ཡུལ་སྐོར་བ་བྱོན་པ་ལེགས། དབེན་གནས་འདི་རུ་བྱོན་པ་ལེགས། ང་ཚོར་ཤིང་ནགས་འདིའི་ནང་ཤིང་ཏོག་སྣ་མང་ཡོད་པས་ཁྱེད་ཀྱིས་གང་འདོད་ལྟར་མཆོད་རོགས། བྲམ་ཟེ་དག་གིས་ཁྱེད་ལ་སྣེ་ལེན་ཡག་པོ་བྱེད་ངེས་ཡིན།”ཞེས་བཤད། 


     ཡུལ་སྐོར་བ་དེ་ཧ་ལས་ནས། “རྔོན་པ་ཞིག་གི་ཁང་པའི་འགྲམ་ནས་ངས་ནེ་ཙོ་ཞིག་མཐོང་བྱུང་། ཁོའི་སྐད་ཆ་བཤད་སྟངས་མི་བཟང་བས་ང་ས་ཆ་དེ་དང་མགྱོགས་མྱུར་ཁ་བྲལ་དགོས་བྱུང་། ད་ལྟ་ང་རང་ཁྱོད་དང་འཕྲད་ཅིང་ཁྱོད་ཀྱི་སྐད་ཆ་བཤད་སྟངས་ཧ་ཅང་བཟང་ཞིང་བྱམས་བརྩེ་དང་ལྡན་པ་ཞིག་འདུག  ཁྱོད་གཉིས་ནེ་ཙོ་ཡིན་པ་གཅིག་པ་རེད། འོན་ཀྱང་སྐད་ཆ་བཤད་སྟངས་ལ་མི་འདྲ་བའི་ཁྱད་པར་འདི་ཙམ་ཡོད་པའི་རྒྱུ་མཚན་ཅི་ཡིན་ནམ།”ཞེས་བཤད།


     ནེ་ཙོའི་སྐད་ཆ་ལ་གཞིགས་ནས་དབེན་གནས་སུ་ཡོད་པའི་ནེ་ཙོས་ནེ་ཙོ་གཞན་དེ་ཁོ་པའི་སྤུན་མཆེད་ཡིན་པ་ཚོད་དཔག་ཐུབ་སྟེ། “ཡུལ་སྐོར་བ་ལགས། ནེ་ཙོ་གཞན་དེ་ངའི་ནུ་བོ་རེད། འོན་ཀྱང་ངེད་གཉིས་ཀྱིས་ས་གནས་མི་འདྲ་བ་གཉིས་སུ་འཚོ་བ་རོལ་བཞིན་ཡོད། ངའི་ནུ་བོས་རྔོན་པའི་སྐད་ཆར་སློབ་སྦྱོང་བྱས་པ་དང་། བདག་གིས་བྲམ་ཟེ་དག་གི་བཀའ་མོལ་ལ་སློབ་སྦྱོང་བྱས་པ་ཡིན། དེར་བརྟེན་རོགས་ཟླ་ནི་ཁྱོད་ཀྱི་སྐད་ཆ་དང་ཀུན་སྤྱོད་ལ་བཟོ་ལྟ་བཟོ་མཁན་གཙོ་བོ་དེ་རེད།” ཅེས་བཤད་དོ།།



༢༢) ཞིང་པ་དང་ཁོ་པའི་ཆུང་མ།


      ཞིང་པ་ཞིག་གིས་རང་གི་ཆུང་མར་“ཁྱོད་སྐྱེ་དམན་ལེ་ལོ་ཅན་ཞིག་རེད་འདུག ཁྱོད་ཀྱིས་ལས་ཀ་དལ་པོ་དང་ཚར་རྒྱུ་མེད་པ་ཞིག་བྱེད་ཀྱི་འདུག དེ་ནི་དུས་ཚོད་འཕྲོ་བརླག་གཏོང་བ་རང་རེད།” ཅེས་བཤད།


      ཁོ་པའི་ཆུང་མ་ཁོའི་སྐད་ཆ་ལ་ཚིག་པ་ཟ།


      མོས་“ཁྱོད་འཆུགས་སོང་། སང་ཉིན་ཁྱོད་རང་ཁྱིམ་དུ་དུ་སྡོད། ངས་ཞིང་ཁར་ཕྱིན་ཆོག  ངས་དེ་ནས་ཁྱོད་ཀྱི་བྱ་བ་དག་བསྒྲུབ་ཆོག   །ཁྱོད་ཀྱིས་འདི་ནས་ངའི་བྱ་བ་སྒྲུབས་ཤོག” ཅེས་བཤད།


       ཞིང་པ་དེས་དགའ་པོའི་ངང་ནས་“ཧ་ཅང་བཟང་། ངས་ཁྱིམ་ལ་བསྡད་ནས་ཁྱོད་ཀྱི་ལས་དོན་བསྒྲུབ་ཆོག” ཞེས་ལན་བཏབ།


       ཆུང་མས་ཁོ་ལ་“བ་མོའི་འོ་མ་འཇོ་བ་དང་། ཕག་པ་ལ་ལྟོ་སྟེར་བ། སྣོད་ཆས་བཀྲུ་བ། བྱ་མོ་དག་ལ་བདག་སྐྱོང་བྱ་རྒྱུ། སྣལ་མ་འཁེལ་རྒྱུ་བཅས་བྱ་དགོས།” ཞེས་སྨྲས།


       ཕྱི་ཉིན་བུད་མེད་དེ་ཞིང་ཁར་བུད།  ཞིང་པ་དེ་ཁྱིམ་ལ་བསྡད་ཅིང་ཁོ་པས་སྣོད་ཅིག་འཁྱེར་ནས་འོ་མ་འཇོ་རུ་སོང་། ཁོས་བ་ཕྱུགས་ཀྱི་འོ་མ་འཇོ་ཐབས་བྱས་པ་ན། ཁོ་ལ་བ་ཕྱུགས་ཀྱི་རྡོག་ཐོ་ལེགས་པོ་ཞིག་རག །དེ་ནས་ཁོ་པ་ཕག་ཚང་དུ་སོང་བ་ན། ཕག་ཚང་གི་གདུང་མར་ཁོའི་མགོ་བརྡབས། དེ་ནས་ཁོ་བྱ་མོ་ལ་ལྟོ་སྟེར་བར་བསྐྱོད། འོན་ཀྱང་ཉིན་གང་པོར་ཁོ་པས་སྣལ་མ་འཁེལ་རྒྱུ་བརྗེད་པ་རེད།


        དགོང་དྲོ་ཟིན་པ་དང་ཆུང་མ་དེ་ཞིང་ཁ་ནས་ཁྱིམ་དུ་ལོག་སྐབས།  ཞིང་པ་དེ་ངོ་ཚ་ནས་མགོ་བོ་འདུད་དེ་བསྡད་ཡོད། དེའི་རྗེས་ནས་ཁོས་ཆུང་མར་ནོར་འཁྲུལ་ཞིག་མ་རྙེད་ཅིང་། ཁོ་གཉིས་མཉམ་དུ་བདེ་སྐྱིད་ཀྱི་འཚོ་བར་ཡུན་རིང་རོལ་རྒྱུ་བྱུང་ངོ་།།



༢༣) ཨ་ཕས་བུ་ལས་བསླབ་བྱ་བླངས་པ།


       ཡོན་ཏན་ནི་ཤིང་བཟོ་བ་ཞིག་རེད། ཁོ་པ་གྲོང་གསེབ་ཅིག་ནང་སྡོད་ཀྱི་ཡོད། ཁོ་པའི་ཨ་མ་འདས་ནས་ཡུན་རིང་འགོར་བ་དང་། ཨ་ཕའི་མིང་ལ་ཡེ་ཤེས་ཟེར་ཞིང་ཡོན་ཏན་རང་དང་ལྷན་དུ་འདུག་གི་ཡོད། ཡེ་ཤེས་ནི་ལུས་སྟོབས་ཧ་ཅང་ཞན་པོ་ཡོད། ཁོ་པས་ཐ་ན་གོམ་པ་ཡང་ཡག་པོ་སྤོ་ཐུབ་ཀྱི་མེད། རྒྱུ་མཚན་ནི་ཡོན་ཏན་གྱིས་ཁོ་པར་ཟ་མ་བརྒྱགས་ཚོད་ཅིག་སྟེར་གྱི་མེད་པས་རེད། ཡོན་ཏན་ཁོས་རང་གི་ཨ་ཕར་ས་ཕོར་ཆུང་ཆུང་བྱིན་ཡོད་པ་དང་། དེའི་ནང་འབྲས་ཉུང་ཉུང་ཞིག་བླུགས་ཀྱང་མང་མདོག་ཁ་པོ་མཐོང་གི་ཡོད། ཡོན་ཏན་ནི་མི་ངན་ཞིག་རེད། ཁོ་པ་ནི་ཆང་འཐུང་རྒྱུར་ལང་ཤོར་བ་ཞིག་རེད། ཆང་བཏུང་རྗེས་ཁོས་ཨ་ཕར་མནར་གཅོད་ཚབས་ཆེན་གཏོང་གི་ཡོད།  


     ཡོན་ཏན་ལ་བུ་ཞིག་ཡོད། བུའི་མིང་ལ་དཔལ་འབར་ཟེར། དཔལ་འབར་ནི་ལོ་བཅུ་ཟིན་ཙམ་རེད། ཁོ་པ་ནི་ཕྲུ་གུ་བཟང་པོ་ཞིག་རེད། དཔལ་འབར་རང་གི་སྦོ་བོ་ལ་དགའ་ཞིང་། སྤོ་བོ་ལ་བརྩི་བཀུར་ཆེན་པོ་བྱེད། ཁོ་ཨ་ཕའི་གཤིས་ཀ་དང་རྣམ་འགྱུར་ལ་མི་དགའ། རྒྱུ་མཚན་ནི་ཁོའི་ཨ་པས་སྤོ་བོ་ལ་གདུབ་རྩུབ་ཆེན་པོས་མནར་གཅོད་གཏོང་གི་ཡོད་པས་རེད། 


      ཉིན་ཞིག་ཡེ་ཤེས་ཀྱིས་རང་གི་བུས་སྤྲད་པའི་ས་ཕོར་ནང་ཟ་མ་ཟ་བཞིན་པའི་སྐབས་ས་ཕོར་སར་ལྷུང་སྟེ་དུམ་བུར་གྱུར་བ་དང་། ཟས་ཀྱང་ཞ་ལའི་ཐོག་ཏུ་ཐོར་བ་རེད། སྐབས་དེར་ཡོན་ཏན་ཁང་པ་དེའི་ཟུར་ཞིག་ན་ལས་ཀ་བྱེད་བཞིན་ཡོད་པས། ཕོར་པ་ཆག་ཀྲུམ་མཐོང་སྟེ་ཨ་ཕར་ཁྲོང་ཁྲོ་རབ་ཏུ་འབར། ཁོས་ཨ་ཕར་ཚིག་ཧ་ཅང་རྩུབ་པོས་ཁ་རྡུང་བཏང་བ་རེད། རྒན་པོ་དོན་དག་དེ་ལ་སེམས་སྡུག་ཆེན་པོ་བྱུང་བ་དང་། རང་གི་ནོར་འཁྲུལ་ལ་འགྱོད་པ་སྐྱེས། ཡོན་ཏན་གྱི་སྐད་ཆས་རྒས་པོའི་སེམས་གཏིང་ལ་རྨ་ཁ་ཆེན་པོ་བཟོས་པ་རེད།


        ཡོན་ཏན་གྱི་བུ་དཔལ་འབར་གྱིས་གནས་ཚུལ་དེ་མཐོང་རྗེས་རང་གི་ཨ་ཕར་མི་དགའ་བར་གྱུར། ཁོའི་ཨ་ཕས་སྤོ་བོ་ལ་སྡུག་སྦྱོང་དྲག་པོ་གཏོང་གི་ཡོད་ཀྱང་། ཁོ་པས་རང་གི་ཨ་ཕར་དེ་ལྟར་མ་བྱེད་ཅེས་བཤད་ཕོད་ཀྱི་མེད། ཁོ་པ་རང་གི་སྦོ་པོའི་ཐོག་ལ་སེམས་སྡུག་ཆེན་པོ་སྐྱེས། འོན་ཀྱང་ཁོ་པར་སྤོ་བོ་ལ་རྒྱབ་སྐྱོར་བྱེད་ཐུབ་པའི་སྟོབས་ཤུགས་མེད།


         ཕྱི་ཉིན་དཔལ་འབར་གྱིས་ཨ་ཕའི་ཤིང་བཟོའི་ཡོ་ཆས་འགའ་ཞིག་དང་ཤིང་དུམ་ཞིག་འཁྱེར་སྟེ་སོང་ནས་ཤིང་གི་ཕོར་པ་ཞིག་བཟོ་བཞིན་བསྡད། ཁོའི་ཨ་ཕས་དེ་མཐོང་སྟེ།


     “ཁྱོད་ཀྱིས་ཅི་ཞིག་བཟོ་བཞིན་ཡོད་དམ།”ཞེས་དྲིས། 


     དཔལ་འབར་གྱིས་“ངས་ཤིང་ཕོར་ཞིག་བཟོ་བཞིན་ཡོད།”ཅེས་ལན་བཏབ།

      

      ཨ་ཕས་“ཤིང་ཕོར་ཨེ། ཅི་ཞིག་གི་ཆེད་དུ།” ཞེས་དྲིས།


    “པཱ་ལགས། ངས་ཁྱེད་རང་གི་ཆེད་དུ་བཟོ་བཞིན་ཡོད། ཁྱེད་རྒས་དུས་སྤོ་བོ་ནང་བཞིན་ཟ་མ་བཟའ་སའི་སྡེར་མ་ཞིག་དགོས་རྒྱུ་རེད། ས་འདམ་གྱི་བཟོས་པའི་སྡེར་མ་ལས་སླ་པོས་ཆག་གི་རེད། དེ་ལྟར་བྱས་ན་ངས་ཁྱེད་རང་ལ་ཚིག་ངན་སྤྱད་ནས་གཤེ་གཤེ་གཏོང་དགོས་རྒྱུ་རེད། དེར་བརྟེན་ངས་ཁྱེད་རང་ལ་ཤིང་གི་ཕོར་པ་ཞིག་སྤྲད་རྒྱུ་ཡིན། དེ་ལས་སློ་པར་འཆག་གི་མ་རེད།”

 

    སྐད་ཆ་དེ་ཐོས་རྗེས་ཤིང་བཟོ་བ་དེ་ཧང་སང་ཞིང་། ད་གཟོད་ཁོ་པས་རང་གི་ནོར་འཁྲུལ་ཤེས་པ་རེད། ཁོ་པ་ཆུང་དུས་ཨ་ཕས་བྱམས་བརྩེ་ཆེན་པོས་གསོ་སྐྱོང་གནང་ཡང་། ད་ཆ་ཨ་ཕ་རྒས་དུས་ཁོས་སྡུག་སྦྱོང་ཞེ་དྲག་བཏང་ཡོད། ཡོན་ཏན་རང་ཉིད་ཀྱི་ད་ལྟའི་བྱ་སྤྱོད་ལ་གནོང་འགྱོད་ཆེན་པོ་སྐྱེས་ཤིང་། རང་གི་ནོར་འཁྲུལ་རྟོགས་པ་རེད། དེ་ནས་ཁོ་པ་མི་གཞན་ཞིག་ཏུ་གྱུར་བ་རེད། 


    ཉིན་དེ་ནས་བཟུང་ཡོན་ཏན་གྱིས་རང་གི་ཨ་ཕར་གུས་རྩི་ཆེན་པོ་བྱེད་པ་དང་། ཁོས་ཆང་འཐུང་རྒྱུ་ཡང་སྤངས་པ་རེད་དོ།།



༢༤) ཀུ་ཤུའི་སྡོང་པོ་དང་ང་ཚོའི་ཕ་མ།


       སྔོན་མ་ཞིག་ལ་གནས་ཤིག་ན་ཀུ་ཤུའི་སྡོང་པོ་ཆེན་པོ་ཞིག་ཡོད། བུ་ཆུང་ཆུང་གཅིག་སྡོང་པོ་དེའི་འགྲམ་དུ་རྩེད་མོ་རྩེ་རུ་ཡོང་གི་ཡོད། མཚམས་རེ་ཁོ་པ་ཁུ་བ་ཅན་གྱི་ཤིང་ཏོག་འཚོལ་དུ་ཡོང་ཞིང་། ཤིང་སྡོང་སྟེང་དུ་རྩེད་མོ་རྩེ་བ་དང་གྲིབ་བསིལ་འོག་ཏུ་ངལ་གསོ་བ་སོགས་བྱེད་ཀྱི་ཡོད། ཤིང་སྡོང་དེ་བྱིས་པ་དེ་དང་འཕྲད་པར་སྤྲོ་སྣང་དང་དགའ་བ་ཚད་མེད་སྐྱེས་པ་རེད། ཉིན་ཞིག་བུ་ཆུང་དེ་ཡིད་སྐྱོ་བའི་ངོ་གདོང་དང་བཅས་ཡོང་བཞིན་པ་མཐོང་བས་སྡོང་པོ་དེ་ཧ་ལས་པར་གྱུར།


     ཤིང་སྡོང་གིས་“བུ་ཆུང་ཆུང་། བདག་དང་ལྷན་དུ་རྩེད་མོ་རྩེ་རུ་ཤོག་དང་།” ཞེས་བཤད། 


      “ད་ཆ་ང་ཁྱོད་འདྲ་བའི་ཤིང་སྡོང་གི་མཐའ་འཁོར་ན་རྩེད་འཇོར་རོལ་བའི་བྱིས་པ་ཆུང་ཆུང་ཞིག་མིན།” ཞེས་བུ་དེས་ཤིང་སྡོང་ལ་གཤེ་གཤེ་བཏང་ཞིང་། “ང་ལ་རྩེད་ཆས་མང་པོ་དགོས་ཀྱི་འདུག ང་ལ་ཆེ་ཆུང་དང་བཟོ་བཀོད་འདྲ་མིན་གྱི་རྩེད་ཆས་མང་པོ་ཉོ་ཆེད་ཀྱི་སྒོར་མོ་དགོས།” ཞེས་བཤད།


      “དགོངས་པ་མ་ཚོམ། བདག་གི་སྙིང་ཉེ་བའི་བུ་ཆུང་། ང་ལ་ཁྱོད་ལ་སྦྱིན་རྒྱུའི་སྒོར་མོ་མེད། འོན་ཀྱང་ཁྱོད་ཀྱིས་ངའི་ཀུ་ཤུ་ཚང་མ་བཏུས་ནས་བཙོང་ཆོག དེ་ལས་ཁྱོད་རང་གིས་ཉོ་འདོད་པའི་རྩེད་ཆས་མང་པོ་ཉོ་རྒྱུའི་སྒོར་མོ་འདང་ངེས་ཡོང་གི་རེད། ”ཅེས་ངག་འཇམ་པོས་སྨྲས།


      བྱིས་པ་དེས་ཀུ་ཤུ་ཡོངས་རྫོགས་བཏུས་ནས་དགའ་སྤྲོའི་ངང་བུད། ཁོས་ཀུ་ཤུ་ཚང་མ་བཙོངས་ནས་སྒོར་མོ་ཐོབ་པས་ཁོ་རང་ལ་དགོས་པའི་རྩེད་ཆས་དག་ཉོས།

      

     དཔྱིད་ཀ་ག་ལེར་ཡོལ་ཞིང་སྟོན་ཀ་ཡང་སླེབས། འོན་ཀྱང་བྱིས་པ་དེ་སླེབས་པའི་རྟགས་ཙམ་ཡང་མ་བྱུང་།


      ཉིན་ཞིག་གི་ཞོགས་པར། ཤིང་སྡོང་གིས་རང་གི་གྲོགས་པོ་དེ་མཐོང་། བྱིས་པ་ཆུང་ཆུང་དེ་འཚར་ལོངས་བྱུང་ནས་སྐྱེས་པ་ཆེན་པོ་ཞིག་ཏུ་གྱུར་ཡོད། 


     “ཤོག  ང་དང་མཉམ་དུ་རྩེ་རུ་ཤོག” ཤིང་སྡོང་གིས་བཤད། 


      “ད་ནས་ངས་རྩེད་མོ་རྩེ་ཐུབ་རྒྱུ་མ་རེད། ད་ལྟ་ང་ལ་ཁྱིམ་ཚང་ཡོད། འོན་ཀྱང་ང་ཚོར་སྡོད་གནས་ཁང་པ་ཞིག་དགོས་ཀྱི་འདུག ཁྱོད་ཀྱིས་ང་ལ་རོགས་རམ་བྱེད་ཐུབ་བམ།” མི་དེས་ལན་བཏབ།


      “དགོངས་དག། ང་ལ་ཁང་པ་རྩ་བ་ནས་མེད། འོན་ཀྱང་ཁྱོད་ཀྱིས་ངའི་ཡལ་ག་དག་བཅད་ནས་ཁང་པ་འཛུགས་སྐྲུན་བྱས་ཆོག” ཤིང་སྡོང་གིས་དེ་ལྟར་ལན་བཏབ།


       མི་དེས་སྡོང་པོ་དེའི་ཡལ་ག་ཡོངས་རྫོགས་བཅད་རྗེས་དགའ་སྤྲོའི་ངང་ཕྱིར་ལོག །རང་གི་གྲོགས་པོ་སླར་ཡང་དགོད་བཞིན་པ་མཐོང་བས་སྡོང་པོ་དེ་དགའ་སྤྲོ་ཆེན་པོ་སྐྱེས།


      དགོང་དྲོ་ཞིག་ལ་སྐྱེས་པ་དེ་ཀུ་ཤུའི་སྡོང་པོ་ཡོད་སར་ལོག་པ་ན།


     “ཤོག  ང་དང་མཉམ་དུ་རྩེ་རུ་ཤོག” ཤིང་སྡོང་གིས་སྐྱེས་པ་དེར་སྨྲས།


     “ ད་ཆ་ང་རྒས་འགྲོ་གི་འདུག ངས་མཚོ་འགྲུལ་ཞིག་ལ་སོང་ནས་ལྷོད་ལྷོད་བྱ་འདོད་འདུག ཁྱོད་ཀྱིས་ང་ལ་གྲུ་ཞིག་སྦྱིན་ཐུབ་བམ།” མི་དེས་ཀུ་ཤུའི་སྡོང་པོར་དྲིས།


     “ཁྱོད་ཀྱིས་ངའི་སྡོང་བུ་བཀོལ་སྤྱོད་བྱས་ནས་གྲུ་ཞིག་བཟོས།” 


     ཁོས་སྡོང་བུ་མང་པོ་བཏུབ་ནས་གྲུ་ཞིག་བཟོས། 


     ཁོ་གྲུ་གཏོང་དུ་སོང་ནས་ཡུན་རིང་ཚུར་མ་ཐོན།


      ལོ་མང་པོའི་རྗེས་སུ་ཁོ་པ་ཕྱིར་འཁོར།


       “དགོང་དག   བདག་གི་བུ་ཆུང་། ད་ལྟ་ང་ལ་ཁྱོད་ལ་སྟེར་རྒྱུ་གང་ཡང་ལྷག་མེད། ད་ངས་ཁྱོད་ལ་ཅི་ཡང་སྦྱིན་མི་ཐུབ། ཀུ་ཤུ་མེད་ལ། ཡལ་ཀ་ཡང་མེད། ཁྱེད་རང་འཛེག་སའི་སྡོང་བུ་ཡང་མེད།” ཤིང་སྡོང་གིས་གདུང་བ་དང་བཅས་བཤད། 


        “སྐྱོན་ཡོད་མ་རེད། ད་ལྟ་ང་ལ་ཡང་བཟའ་བའི་སོ་མེད་ལ། རྒས་དྲགས་པས་སྡོང་པོའི་རྩེར་འཛེག་ཀྱང་མི་ཐུབ།” ཅེས་སྐྱེས་ལན་བཏབ། 


        “ད་ནི་ང་ལ་ངལ་གསོ་བྱ་ས་ཞིག་དགོས་རྒྱུ་རེད།” ཅེས་བཤད།

 

       “སྡོང་རྒན་གྱི་རྩ་བ་ནི་བསྙེ་ས་བཟང་ཤོས་རེད། ཤོག་དང་།  ང་དང་མཉམ་དུ་བསྡད་ནས་ངལ་གསོ་བྱོས།” ཀུ་ཤུའི་སྡོང་པོས་སེམས་ཁུར་ཆེན་པོས་སྨྲས།


       རྒས་པོ་དེ་མར་བསྡད་པ་དང་། ཀུ་ཤུའི་སྡོང་པོ་དེ་དགའ་སྤྲོ་ཆེན་པོ་སྐྱེས་ནས་མིག་ཆུ་དང་ལྷན་དུ་བགད་དོ།།


        *འདི་ནི་སྐྱེ་བོ་ཚང་མའི་གཏམ་རྒྱུད་ཅིག་རེད། སྡོང་པོ་དེ་ང་ཚོའི་ཕ་མ་དང་མཚུངས་ཤིང་། ང་ཚོ་ཆུང་དུས་ཁོ་ཚོ་མེད་ན་ང་ཚོ་འཚོ་ཐུབ་རྒྱུ་ནི་བསམ་ཡུལ་ལ་ཡང་འཁོར་མ་མྱོང་།  འོན་ཀྱང་ང་ཚོ་ནར་སོན་རྗེས་ཁོ་ཚོ་བཞག་ནས་རང་རང་གི་གནས་སུ་བཞུདའགྲོ། ཇི་ལྟར་ཡང་ཕ་མ་ནི་ནམ་ཡང་ཕ་མ་སྟེ།  ང་ཚོར་དཀའ་ངལ་འཕྲད་སྐབས་ཁོ་ཚོ་རྟག་ཏུ་ང་ཚོའི་འགྲམ་དུ་ཡོད་ཅིང་།  ཡོད་ཚད་བློས་བཏང་གིས་ང་ཚོར་སྤྲོ་སྣང་སྦྱིན་པར་བྱེད།



༢༥) རང་ཉིད་ཀྱི་བསམ་བློའི་རྗེས་སུ་འབྲང་དགོས།


       རི་ཅི་ནི་རྟ་ལ་སྦྱོང་བརྡར་སྤྲོད་མཁན་ཞིག་གི་ཕྲུ་གུ་རེད། ཁོ་པ་བྱིས་པའི་དུས་ནས་

ཕ་དང་ལྷན་རྟ་ཕོ་སྦྱོང་བརྡར་གྱི་ཆེད་རྟ་ར་གཅིག་ནས་རྟ་ར་གཞན་དང་། ཕྱུགས་ར་གཅིག་ནས་ཕྱུགས་ར་གཞན་ལ་གནས་སྤོས་བྱ་དགོས་བྱུང་བས་རྒྱུན་དུ་སློབ་གྲྭ་འགྲིམ་རྒྱུར་བར་ཆད་ཐེབས་ཡོད།  ཁོ་པ་འཛིན་རིམ་མཐོ་བར་སླེབས་རྗེས་ཀྱི་ཉིན་ཞིག དགེ་རྒན་གྱིས་ཁོ་པ་ཆེན་པོ་ཆགས་ན་གང་ཞིག་བྱ་རྒྱུ་ཡིན་མིན་སྐོར་འབྲི་རུ་བཅུག་པ་ན།  ཁོས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་རང་གི་དམིགས་ཡུལ་ནི་རྟ་རའི་བདག་པོ་ཞིག་བྱ་འདོད་ཡོད་པའི་སྐོར་ཤོག་ངོས་བདུན་ཅན་ཞིག་བྲིས་ནས་དགེ་རྒན་ལ་ཕུལ། དེ་ནི་འཛུགས་སྐྲུན་གྱི་ས་བབས་དང་། རྟ་ར་དང་། ཐ་ན་ཁང་པའི་འཆར་གཞི་བཅས་རྒྱས་པར་བཀོད་པའི་རྩོམ་ཡིག་ཅིག་རེད། ཉིན་གཉིས་འགོར་རྗེས་ཁོ་པའི་རྩོམ་ཤོག་དེ་མར་འབྱོར་ཞིང་ཁ་ཤོག་སྟེང་‘ཆ’འཁོད་ཡོད།


    སློབ་གྲྭ་གྲོལ་རྗེས་ཁོ་པས་དགེ་རྒན་ལ་སྐར་གྲངས་དེ་འདྲ་དམའ་བའི་རྒྱུ་མཚན་ཅི་ཡིན་དྲིས།


    དགེ་རྒན་གྱིས་“ཕུགས་འདུན་འདི་ནི་ཁྱོད་ལྟ་བུའི་ཕྲུ་གུ་ལ་མཚོན་ལ་དོན་དངོས་དང་མི་མཐུན་པ་ཞིག་རེད། གང་ལ་སྒོར་མོ་མེད་ཅིང་། ཐོན་ཁུངས་མེད་པ། རྒྱལ་ཁམས་མྱུལ་མཁན་གྱི་ཁྱིམ་ཚང་ནས་ཡོང་བ་ཁྱོད་ལྟ་བུས་དམིགས་ཡུལ་འདི་བསྒྲུབ་ཐུབ་ཀྱི་མ་རེད།”ཅེས་བཤད།


      དེ་ནས་དགེ་རྒན་དེས་ཁོ་ལ་གོ་སྐབས་ཤིག་སྤྲད་དེ་དོན་དངོས་ཀྱི་གནས་ཚུལ་དང་མཐུན་པའི་རྩོམ་ཡིག་ཅིག་འབྲི་རུ་བཅུག་པ་རེད། 


      བུ་དེ་ནང་དུ་ལོག་སྟེ་ཨ་ཕར་ཇི་འདྲ་བྱས་ཏེ་ལན་འདེབས་བྱ་དགོས་མིན་སྐད་ཆ་དྲིས་པ་ན།


     ཁོའི་ཨ་ཕས་“འདི་གལ་འགངས་ཆེ་བའི་ཐག་གཅོད་ཅིག་ཡིན་པས་ཁྱོད་རང་ཉིད་ཀྱིས་བསྡོམས་ཚིག་རྒྱག་ཐུབ་པ་བྱ་དགོས།” ཞེས་བཤད། 

 

      ཉིན་ཁ་ཤས་ཀྱི་རྗེས། བུ་དེས་རྩོམ་ཤོག་དེར་འགྱུར་བ་ཅི་ཡང་མ་བཏང་རང་འཇགས་འཁྱེར་དགེ་རྒན་སར་ཕྱིན།

 

     ཁོ་པས་དགེ་རྒན་ལ་“ཁྱེད་རང་གི་གནང་བའི་‘ཆ’དེ་ཁྱེད་རང་གིས་ཉར་རོགས། ངའི་དམིགས་ཡུལ་ང་རང་གིས་ཉར་ཆོག”ཅེས་བཤད། 


     ཕྱིས་སུ་རི་ཅི་རྒྱ་ཁྱོན་ཕུ་ཊུ་གྲུ་བཞི་མ་ ༤༠༠༠ ཡོད་པའི་ཁང་པའི་སྒ་རའི་ནང་རྟ་ར་ཨེ་ཀར་ ༢༠༠ ཡོད་པ་ཞིག་གི་བདག་པོར་གྱུར་ཞིང་།  ཁོ་པས་རང་ཉིད་ཀྱིས་དེ་སྔ་བྲིས་པའི་རྩོམ་ཡིག་དེར་ཕྱི་སྒྲོམ་ཞིག་བཟོས་ནས་ཐབ་ཚང་གི་རྩིག་གྱང་སྟེང་དུ་བཀལ་ནས་བཞག་གོ།


*རྟག་ཏུ་རང་ཉིད་ཀྱི་བསམ་བློའི་རྗེས་སུ་འབྲང་དགོས་པ་ལས་ཁྱོད་ཀྱི་རྨི་ལམ་འགྲུབ་ཐུབ་པའི་ནུས་པ་ལ་ཡིད་ཆེས་མེད་པའི་སྐྱེ་བོ་དག་གི་ངག་ལ་ནམ་ཡང་ཉན་མི་རུང་།

      

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།