བརྩམས་སྒྲུང་ཐུང་ངུ་། ༢)


  རིན་ཐང་གླེང་བ།


      ང་ཚོའི་གྲོང་རྡལ་སློབ་གྲྭའི་སློབ་སྤྱི་ཚེ་སྐྱིད་ལགས་ནི་ཕ་མ་ཡོངས་ཀྱི་མིག་ནང་གི་མེ་ཏོག་དང་སློབ་མ་ཡོངས་ཀྱི་སེམས་དབུས་ཀྱི་ནོར་བུ་ལྟ་བུ་ཞིག་རེད། མོས་ལོ་མང་རིང་དམའ་རིམ་དགེ་རྒན་ཞིག་གི་གནས་རིམ་ནས་འགོ་བཙུགས་ཏེ་བྱམས་བརྩེ་དང་ལྷག་བསམ། དྲང་བདེན་བཅས་ཀྱི་སྒོ་ནས་སློབ་མ་སྟོང་ཕྲག་བསྐྱངས་ཡོད། ལོ་ངོ་དེ་དག་གི་རིང་གཞུང་རིམ་པ་ནས་བྱ་དགའ་ཐོབ་པ་དང་། གོང་རིམ་མི་སྣས་བསྟོད་བསྔགས་ཐོབ་པ་གྲངས་ལས་འདས་པ་རེད། ད་ལྟ་མོའི་སྙན་གྲགས་ཀྱི་བ་དན་རྒྱལ་ཁམས་ཡོངས་ལ་ཁྱབ་ཡོད། ལོ་ངོ་མང་པོའི་གོང་ནས་སྒེར་གཉེར་སློབ་ཆེན་མང་པོས་གླ་ཡོན་མཐོ་པོའི་ཐོག་སྐད་བཏང་ཡང་མོ་ཕྱིན་མི་འདུག །དེ་ནི་དྲིན་ཆན་ཕ་མའི་བསླབ་བྱ་བཟང་པོ་སེམས་ལ་བཟུང་ཡོད་པས་ཡིན་ཟེར།


 དེ་ཡང་ལོ་ཤས་གོང་ཚེ་སྐྱིད་སློབ་མཐར་ཕྱིན་ནས་ནང་དུ་ལོག  །དུས་ཡུན་རིང་པོ་ཞིག་ས་ཐག་རྒྱང་བའི་གཞན་ཡུལ་དུ་བསྡད་དགོས་བྱུང་བས་ཕ་ཡུལ་ལ་ཐོན་དུས་མོའི་སེམས་ལ་དགའ་བས་ཁེངས་འདུག  །སྤྱིར་མོ་ནི་སྟག་རྩེ་གྲོང་རྡལ་འདི་རང་ལ་སྐྱེས་ཤིང་སློབ་ཆུང་དང་སློབ་འབྲིང་ས་གནས་འདི་ག་རང་ནས་མཐར་ཕྱིན་པ་དང་། སློབ་གྲྭ་ཆེན་མོར་ཡིག་རྒྱུགས་ལོན་ནས་གྲོང་ཁྱེར་དུ་སློབ་ཆེན་ལ་ཕྱིན་པ་རེད། ཚེ་སྐྱིད་སློབ་གྲྭ་ཐོན་ནས་ཡུལ་ལ་ལོག་ཡོང་སྐབས་མོ་ལོ་ལྔ་བཞི་ཉི་ཤུ་ཏག་ཏག་ཟིན་ཡོད། སྐབས་དེར་མོ་གཟུགས་བྱད་ཡག་ལ་ཀུན་སྤྱོད་ཀྱང་བཟང་བའི་ཐོག་ང་ཚོའི་གྲོང་རྡལ་ནང་གི་བུད་མེད་སློབ་གྲྭ་ཆེན་མོ་ཐོན་མཁན་ཐོག་མ་དེ་ཡིན་པས་ཡུལ་མི་ཚོས་བཟང་རབས་མང་པོ་གླེང་བ་རེད།


     ཁོ་མོའི་ནང་མི་ནི་སྟག་རྩེ་ཟམ་ཆེན་གྱི་འགྲམ་དུ་ཚོང་ཙག་ཙིག་བརྒྱབ་ནས་འཚོ་བ་སྐྱེལ་མཁན་གྱི་ཁྱིམ་ཚང་ཞིག་རེད། ཉིན་རེའི་ཡོང་འབབ་དེ་ཙམ་མི་ཆེ་ཡང་སློབ་ཆེན་མ་ཐོན་པར་མོའི་སློབ་ཡོན་ཡོངས་རྫོགས་གཞན་ལ་མ་བརྟེན་པར་ཕ་མ་གཉིས་ནས་བཏང་པ་རེད་ཟེར། མོ་ཕྱིར་ནང་དུ་སླེབས་པའི་ཉིན་དེར་ཕ་བསྟན་འཛིན་གྱིས་དགའ་སྤྲོའི་ངང་ལག་ཏུ་ཁ་བཏགས་ཤིག་འཁྱེར་ཏེ་“བུ་མོ། སློབ་མཐར་ཕྱིན་པར་ཕ་མ་གཉིས་ཀྱིས་བཀྲ་ཤིས་བདེ་ལེགས་ཞུ། ཁྱོད་ཀྱིས་ད་བར་སྡུག་རུས་ཀྱིས་དཀའ་ལས་བརྒྱབ་ནས་སློབ་ཆེན་མཐར་ཕྱིན་ཐུབ་པར་ཕ་མ་གཉིས་ཧ་ཅང་དགའ་པོ་བྱུང་།” ཅེས་བརྗོད་པ་དང་། ཨ་མ་ལྷ་རིལ་གྱིས་“ཨ་མའི་ནོར་བུ། ཁྱོད་ཀྱིས་ང་གཉིས་ཕ་མ་གཉིས་ཡུལ་མི་ཚོའི་ཁྲོད་དུ་མགོ་བོ་བཀྱག་བཀྱག་བྱ་རྒྱུ་ཡོད་པ་བཟོས་སོང་། ཐུགས་རྗེ་ཆེ།” ཞེས་སྨྲས་ནས་བུ་མོ་ནང་དུ་བསུས།  ཚེ་སྐྱིད་ཀྱིས་ཀྱང་ཕ་མ་གཉིས་ལ་ཡུན་རིང་འཐམས་ཏེ། “དྲིན་ཆེན་བའི་ཡབ་ཡུམ་གཉིས། ཁྱེད་གཉིས་ཀྱིས་བུ་མོ་བདག་ལ་བུ་ཞིག་གི་ཚད་དུ་བཟུང་གནང་ནས་སློབ་སྦྱོང་གི་གོ་སྐབས་འདི་ཙམ་ཞིག་བྱིན་གནང་བ་ལ་བརྟེན། ད་ཆ་ང་རང་ཤེས་ལྡན་པ་ཞིག་ཏུ་གྱུར་ཐུབ་སོང་། ཕ་མ་གཉིས་ལ་བཀའ་དྲིན་ཆེ་ཞུ།” ཞེས་དང་།  “ད་ཆ་ངས་ལས་ཀ་ཡག་པོ་བཙལ་ཏེ་ཁྱེད་གཉིས་ལྷོད་ལྷོད་ངང་བཞུགས་རྒྱུ་ཡོང་བ་བྱ་རྒྱུ་ཡིན།” ཞེས་བཤད་རྗེས་ཚང་མ་ནང་དུ་འཛུལ། 


     མ་གཞི་ཚེ་སྐྱིད་ཀྱིས་མགྱོགས་པོ་ལས་ཀ་ཞིག་འཚོལ་བསམས་ཀྱང་། ནང་དུ་ལོག་པའི་ཉིན་ཤས་རིང་ཁོ་ཚོའི་ཁྱིམ་ལ་འཚམ་འདྲི་གནང་མཁན་མགྲོན་པོ་ཆད་དུས་མ་བྱུང་བས། ནང་མི་ཚང་མ་བྲེལ་བས་འབ་སོ་འདུས་དཀའ་བ་ཞིག་བྱུང་བ་རེད།  དེའི་ཁྲོད་དུ་སྤུན་ཉེ་དང་། འགོ་ཁྲིད། གྲོང་པ་ཁྱིམ་མཚེས། དེ་བཞིན་ཐག་རིང་གི་མགྲོན་པོ་སོགས་ཡོད་ཅིང་། དེ་དག་ལས་ཁ་ཤས་གྱིས་ཚེ་སྐྱིད་ལ་མཇལ་དར་གཡོགས་ནས་“སློབ་མཐར་ཕྱིན་པར་རྟེན་འབྲེལ་ཞུ། བསམ་དོན་ལྷུན་གྱིས་འགྲུབ་པ་ཤོག”ཟེར་བ་དང་། ལ་ལས་“ཁྱོད་ཀྱིས་ཅི་ཞིག་གི་ཐོག་ཆེད་སྦྱོང་བྱས་པ་ཡིན། ལས་དོན་གང་ཞིག་གཉེར་རྒྱུ་ཡིན།” ཟེར་བ་སོགས་དྲིས་ནས་མོའི་སློབ་སྦྱོང་གི་ཆུ་ཚད་རྒྱུས་ལོན་བྱས།  ཡང་འགའ་ཞིག་གིས་མོའི་ཕ་མ་གཉིས་ལ་“ བུ་མོ་ཡ་རབས་ཅན་ཞིག་འདུག །འགྲོ་སྟངས་བཟོ་བའི་ལོ་ཚོད་ཟིན་འདུག་ག །ང་ཚོའི་བུ་ལ་མནའ་མར་བྱུང་ན་བསམ་གྱི་འདུག” །ཟེར་བ་དང་།  ད་དུང་རེ་འགས་“མོའི་ཆུ་ཚད་ལ་བལྟས་ལ་སྐུ་ངོ་དགྲ་འདུལ་ལགས་ཀྱི་བུ་ལ་རན་ཤོས་རེད། མ་རེད་པས། བུ་དེ་ཡང་ཡོན་ཏན་ཡག་ལ་ཕྱིའི་གཟུགས་དང་ནང་གི་ཀུན་སྤྱོད་བཟང་བས་ལུང་པའི་བུ་མོ་ཚང་མའི་སེམས་པ་ཤོར་སའི་ཕོ་གསར་ཞིག་རེད།” ཟེར་ནས་ཚེ་སྐྱིད་ལ་ལྟ་ཙམ་ལྟ་ཙམ་བྱེད། 


       ནང་དུ་མགྲོན་པོ་ཡོང་བ་ཆད་མཚམས་བར་ཉིན་བདུན་གཉིས་བཅུ་བཞི་ཏག་ཏག་འགོར་འདུག་པས་ཚེ་སྐྱིད་བྲེལ་ཤ་ལངས་ནས་ཕ་མ་གཉིས་ལ་“པཱ་ལགས།  ཨ་མ་ལགས། ད་ནི་བུ་མོ་ངས་ལས་ཀ་ཞིག་འཚོལ་དགོས། དེ་མིན་འདི་ལྟར་བསྡད་ན་དུས་ཚོད་འཕྲོ་བརླག་དང་། ལས་མེད་དུ་ལྷག་རྒྱུ་རང་རེད།” ཅེས་དང་།  “གལ་ཏེ་འདི་ལྟར་བསྡད་ན་‘ཕ་རིའི་ལྕི་བ་མེད། ཚུ་རིའི་སླེ་པོ་མེད། སླེ་པོའི་སླེ་ཐག་ཆད།’ ཞེས་པ་ལྟར་འགྱུར་ཉེན་ཡོད་རེད།” ཅེས་སེམས་འཚབ་དང་ཀུ་རེ་སྦྲགས་ནས་ཞུས་པར། ཕ་བསྟན་འཛིན་གྱིས་“བུ་མོ་རང་གིས་བཤད་པ་བདེན་པ་རེད། ད་ནི་ཁྱོད་ཀྱིས་ལས་ཀ་ཞིག་འཚོལ་རན་པ་རེད་ལ། འཚོལ་ཡང་དགོས།” ཞེས་དང་།  “ལས་ཀ་འཚོལ་དུས་ཡར་རྒྱུག་མར་རྒྱུག་མང་པོ་བྱེད་དགོས་ཚུལ་གོ་རྒྱུ་འདུག །དེར་བརྟེན་ངེད་ཕ་མ་གཉིས་ཀྱིས་སྔར་ནས་ཁྱོད་ལ་རྔན་པ་ཞིག་གྲ་སྒྲིག་བྱས་ཡོད།” ཅེས་སྨྲས་པ་ན་ཚེ་སྐྱིད་ཀྱིས་རྔན་པ་ཅི་ཞིག་ཡིན་ནམ་སྙམ་ནས་ཤེས་འདོད་ཀྱི་རྣམ་འགྱུར་ཞིག་སྟོན་བཞིན་ཀྲོང་ངེར་ལངས་ནས་བསྡད་འདུག །


       དེ་རྗེས་ཕ་བསྟན་འཛིན་དང་མ་ལྷ་རིལ་གྱིས་ཚེ་སྐྱིད་སྒོ་རའི་ནང་ཁྲིད་ནས་རས་ཁེབས་ཆེན་པོས་གཡོགས་པའི་དངོས་པོ་ཞིག་བསྟན་ཏེ་“འདི་ང་གཉིས་ཀྱིས་ཁྱོད་ལ་སྟེར་རྒྱུའི་ལེགས་དེ་སྐྱེས་ཡིན། ཁྱོད་ཀྱིས་ཅིག་ལྟོས་དང་།” ཞེས་སྨྲས་པར། ཚེ་སྐྱིད་ཀྱིས་ཅ་དངོས་དེ་ཅི་ཞིག་ཡིན་པ་རོབ་ཙམ་ཚོད་དཔག་ཐུབ་ན་ཡང་“དངོས་པོ་ཆེན་པོ་འདི་འདྲ་ཅི་ཞིག་རེད་དམ།” ཞེས་ཚོད་ཚོད་ཀྱིས་འདྲི་གྱིན་རས་ཁེབས་བཤུས། འོ་དེ་ནི་ལོ་རབས་དགུ་བཅུའི་ནང་དར་སོ་ཆེ་བའི་སྣུམ་འཁོར་ཅུང་རྙིང་པ་ཞིག་རེད། ཚེ་སྐྱིད་ཀྱིས་སྣུམ་འཁོར་མཐོང་མ་ཐག་དགའ་བ་དང་ཧང་སང་པ་སྦྲགས་མིག་ཟུང་མཆི་མས་ཁེངས་སྟེ་ཕ་མ་གཉིས་ལ་ཅི་ཞིག་སྨྲ་གྲབས་བྱེད་སྐབས། པཱ་བསྟན་འཛིན་གྱིས་“བུ་མོ། མ་གཞི་མོ་ཊ་འདི་ཅུང་རྙིང་པ་ཞིག་རེད་དེ། ཨ་མ་ང་གཉིས་ཀྱིས་འདིས་ཁྱོད་ལ་ཕན་ཐོགས་ཡོང་གི་རེད་བསམས་བྱུང་། འོན་ཀྱང་ང་གཉིས་ཀྱིས་མོ་ཊ་དེ་ཁྱོད་ལ་མ་སྟེར་གོང་ཁྱོད་ཀྱིས་ང་གཉིས་ཀྱི་རེ་བ་ཞིག་བ་སྒྲུབས་ན་ཨེ་ཆོག”།ཅེས་སྨྲས། ཚེ་སྐྱིད་ཀྱིས་ཕ་མ་གཉིས་ལ་གུས་འདུད་དང་བཅས་“པཱ་ལགས། ཨ་མ་ལགས། ཁྱེད་གཉིས་ཀྱིས་ད་བར་བུ་མོ་ངའི་དོན་དུ་སྐུ་ལས་དེ་ཙམ་བསྐྱོན་གནང་ཡོད།  ད་ལྟ་་་་་་་་ད་དུང་ཐུགས་བསམ་དེ་ཙམ་བཞེས་གནང་བར་ཐུགས་རྗེ་ཆེ་ཞུ། ཁྱེད་གཉིས་བཀའ་གང་ཞིག་གནང་རྒྱུ་ཡོད་ཀྱང་གནང་རྐྱང་གནང་རོགས།” ཞེས་ཞུས་རྗེས་ཕ་མ་གཉིས་ཀྱིས་ཅི་ཞིག་གསུང་ཡོང་སྙམ་ནས་སྒུག་བཞིན་བསྡད་པ་ན། པཱ་བསྟན་འཛིན་གྱིས་ཨམ་ཁུག་ནས་སྣུམ་འཁོར་གྱི་ལྡེ་མིག་བཏོན་ཏེ་ཚེ་སྐྱིད་ལ་སྤྲོད་བཞིན་“བུ་མོ་རང་གིས་སྔོན་ལ་མོ་ཊ་འདི་ཕར་བཙོང་ན་རིན་འབབ་ག་ཚོད་ཁུག་མིན་རྩད་གཅོད་ཅིག་བྱ་རོགས།” ཞེས་སྨྲས། སྐབས་དེར་ཚེ་སྐྱིད་ཀྱིས་ཕ་མ་གཉིས་ནས་དེ་ལྟར་གསུངས་དོན་གང་ཡིན་མ་རྟོག་ཀྱང་ཅི་ཡིན་འདི་ཡིན་དྲི་མ་ནུས། 


      ཕྱི་ཉིན་ནང་ཇ་བཏུང་རྗེས་ཆེ་སྐྱིད་ཀྱིས་“དེ་རིང་བུ་མོ་ང་མོ་ཊའི་རིན་གོང་རྩད་གཅོད་བྱ་རུ་འགྲོ་རྒྱུ་ཡིན། འོན་ཀྱང་ངས་སུ་ལ་ཇི་ལྟར་སྐད་ཆ་དྲི་དགོས་སམ།” ཞེས་ཕ་མ་གཉིས་ལ་ཁ་ཕྱོགས་ནས་དྲིས། “དང་པོ་ཁྱོད་ཀྱིས་ཉེ་འགྲམ་གྲོང་ཁྱེར་ནང་ཕྱིན་ནས་རླངས་འཁོར་འགྲེམ་ཚོང་བྱེད་མཁན་ཞིག་ལ་དྲི་དགོས།” པཱ་བསྟན་འཛིན་དེ་ལྟར་ལན་བཏབ་བྱུང་། ཚེ་སྐྱིད་ཀྱིས་སྣུམ་འཁོར་དེ་རླངས་འཁོར་འགྲེམ་ཚོང་བྱེད་མཁན་ཞིག་གི་སར་ཁྲིད་ནས་སྐད་ཆ་དྲིས་པར། མི་དེས་“མོ་ཊ་འདི་ཅུང་རྙིང་པ་རེད་འདུག །འོན་ཀྱང་ངས་ཁྱོད་ལ་སྒོར་ ༢༠༠༠༠།༠༠ སྤྲོད།”ཅེས་བཤད།  ཚེ་སྐྱིད་ཀྱིས་ནང་དུ་ལོག་ནས་ཕ་མ་གཉིས་ལ་“དེ་རིང་ངས་མོ་ཊ་འདི་རླངས་འཁོར་འགྲེམ་ཚོང་ཁང་ཞིག་ལ་ཁྲིད་ནས་རིན་གོང་སྐད་དྲིས་པ་ཡིན། ཚོང་བདག་དེས་སྒོར་ཁྲི་ཉི་ཤུ་ཁུག་ཚུལ་ཟེར།” ཞེས་ཞུས།  “ཡག་པོ་བྱུང་འདུག །སང་ཉིན་ད་དུང་ཁྱོད་ཀྱིས་རླངས་འཁོར་རྙིང་པ་ཉོ་ཚོང་བྱེད་མཁན་ཞིག་ལ་སྐད་ཆ་དྲིས་ཤོག” ཨ་མ་ལྷ་རིལ་གྱིས་དེ་ལྟར་སྨྲས། ཕྱི་ཉིན་བུ་མོ་ཚེ་སྐྱིད་ཀྱིས་སྣུམ་འཁོར་དེ་བསྐོར་ཏེ་ཉེ་འགྲམ་གྱི་གྲོང་ཁྱེར་ནང་རླངས་འཁོར་རྙིང་པ་ཉོ་ཚོང་བྱེད་མཁན་ཡག་ཤོས་ཤིག་གི་སར་ཁྲིད་ནས་རིན་གོང་སྐད་ཆ་དྲིས་ཤིག  །ནུབ་མོ་ནང་དུ་ལོག་རྗེས་“དེ་རིང་ངས་མོ་ཊ་འདི་གྲོང་ཁྱེར་ནང་གི་མོ་ཊ་ཉོ་ཚོང་མཁན་ཡག་ཤོས་རེད་ཟེར་བ་ཞིག་ལ་བསྟན་པ་ཡིན། ཁོ་པས་‘མོ་ཊ་འདི་ཧ་ཅང་རྙིང་པ་རེད་འདུག །འདི་ཕན་ཐོགས་ཡོད་པ་ཞིག་བཟོ་དགོས་ན་འགྲོ་སོང་མང་པོ་གཏོང་དགོས་ཀྱི་རེད་། དེར་བརྟེན་འདི་ལ་སྒོར་ ༢༠༠༠ ལས་ཁུག་གི་མ་རེད།’ཅེས་བཤད་བྱུང་། འོན་ཀྱང་རིན་གོང་ལ་ཧེ་བག་འདི་འདྲ་ཡོང་དགོས་དོན་ཅི་ཡིན་བུ་མོ་ངས་ད་དུང་ཤེས་མ་སོང་།” ཅེས་ཕ་མ་གཉིས་ལ་ཡ་མཚན་པོས་སྨྲས་པར། “སང་ཉིན་ད་དུང་ཁྱོད་ཀྱིས་གྲོང་ཁྱེར་ནང་གི་མོ་ཊ་ལ་དང་འདོད་ཆེ་བའི་ཚོགས་པ་ཞིག་ལ་སྐད་ཆ་དྲིས་ཤོག །དེ་ནས་ང་གཉིས་ཀྱིས་རྒྱུ་མཚན་བཤད་ཆོག” །པཱ་བསྟན་འཛིན་གྱིས་འཛུམ་ཙམ་བྱས་ནས་དེ་ལྟར་བཤད་པ་ན། ཚེ་སྐྱིད་ཀྱིས་མགོ་བོ་འཕུར་ཙམ་འཕུར་ཙམ་བྱེད་བཞིན་ཅི་ཡང་སྨྲ་མི་ནུས་པར་ལུས།


     ཕྱི་ཉིན་སླར་ཡང་ཚེ་སྐྱིད་ཀྱིས་སྣུམ་འཁོར་སྐོར་བཞིན་གྲོང་ཁྱེར་ལ་ཕྱིན། གྲོང་ཁྱེར་ནང་སླེབས་རྗེས་མོས་པཱ་ལགས་ཀྱིས་གསུངས་པའི་ཚོགས་པ་དེ་འདྲ་ཞིག་གང་སར་བཙལ་བ་དང་། མི་གཞན་ལ་ཡང་སྐད་ཆ་ཐེངས་མང་དྲིས་མཐར་གཞི་ནས་སྐད་གྲགས་ཆེ་བའི་ཨ་ཕོའི་ལོ་ཞེས་པའི་མོ་ཊ་ལ་དང་འདོད་ཆེ་བའི་རླངས་འཁོར་རྒྱུག་འགྲན་ཚོགས་པ་ཞིག་རྙེད། མོས་མོ་ཊ་དལ་པོས་བསྐོར་ནས་རྒྱ་སྒོ་ཆེན་པོ་དེ་ནས་ཡར་འཛུལ་བ་ན་དེའི་ནང་རླངས་འཁོར་གསར་རྙིང་རིགས་མི་འདྲ་བ་ལྔ་བརྒྱ་ལྷག་བསྒྲིགས་ཡོད་ཅིང་། གྱོན་གོས་གཅིག་པ་གྱོན་པའི་མི་མང་པོས་རླངས་འཁོར་དེ་དག་འཁྲུད་པ་དང་། འབྱིད་པ་སོགས་བྱེད་བཞིན་འདུག །ཟུར་ན་‘ལས་ཁུངས།’ཞེས་བྲིས་པའི་ཤེལ་གྱི་ཁང་པ་ཞིག་གི་ནང་ཕོ་བཟོ་དོད་པའི་སྐྱེས་པ་བཞིས་སྐད་ཤུགས་ཆེན་པོས་རླངས་འཁོར་འདི་ཡག་དང་། དེ་སྡུག་ཅེས་འཆད་བཞིན་པ་ཕྱི་ཕྱོགས་ལ་ཡང་གྲག་བཞིན་འདུག །ཚེ་སྐྱིད་ཀྱིས་སྣུམ་འཁོར་ཟུར་ཞིག་ལ་བཀག་ཏེ་ལས་ཁུངས་དེའི་ཕྱོགས་སུ་བསྐྱོད། མོས་སྒོའི་ཕྱི་ནས་སྐད་ཆུང་ངུས་“ཡར་ཡོང་ན་འགྲིག་གམ།” ཞེས་དྲིས་པས་སྐྱེས་པ་གཅིག་ཡར་ལངས་ནས་སྒོ་ལམ་སེང་ཕྱེ་བྱུང་། ཚེ་སྐྱིད་ཡར་འཛུལ་ནས་“འདི་ནས་སྣུམ་འཁོར་རྙིང་པ་ཉོ་གི་ཡོད་དམ།” སྐད་གསང་དམའ་བོས་དྲིས་པ་ན། སྐྱེས་པ་བཞི་པོ་མཉམ་གཅིག་ཏུ་གནམ་མཆོང་རྒྱག་བཞིན་ཡར་ལངས་ནས་“མོ་ཊ་གང་རེད། གང་དུ་ཡོད། ང་ཚོས་ཅིག་བལྟས་ན་འགྲིག་གམ།” ཞེས་མཉམ་གཅིག་ཏུ་དྲིས། ཚེ་སྐྱིད་ཀྱིས་ཁོ་ཚོ་ཕྱི་ལ་ཁྲིད་ནས་མོའི་སྣུམ་འཁོར་བསྟན།


      མི་བཞི་པོས་ཆུ་ཚོད་གཅིག་ཙམ་རིང་སྣུམ་འཁོར་གྱི་མགོ་འཇུག་ཚང་མར་ལེགས་པར་བརྟགས་རྗེས་“མོ་ཊ་འདི་ཐོན་རྙིང་པའི་གྲས་རེད། དེང་སང་འདི་འདྲ་རག་དཀོན་པོ་རེད། ནུས་ཤུགས་ཧ་ཅང་ཆེན་པོ་ཡོད་རེད། ད་ལྟ་གནས་སྟངས་ཀྱང་ཡག་པོར་འདུག” ཟེར་རྗེས་ཁོ་ཚོས་ནང་མོལ་ཞིག་བྱས། དེ་ནས་ཅུང་ཟད་རྒས་བཟོ་དོད་པ་ཞིག་གིས། “ང་ཚོས་ཁྱོད་ཀྱི་རླངས་འཁོར་ལ་སྒོར་ ༡༠༠༠༠༠།༠༠ སྤྲད་ཆོག” །ཅེས་བཤད་པ་ན་ཚེ་སྐྱིད་ཧོན་ཐོར་བར་གྱུར།  


        ཁོ་མོས་སྣུམ་འཁོར་བཞོན་ནས་སྤོབས་པ་ཆེན་པོས་ནང་དུ་ལོག་ཅིང་ཕ་མ་གཉིས་ལ་དེ་ཉིན་བྱུང་བའི་གནས་ཚུལ་རྣམས་ཡ་མཚན་ཆེན་པོས་དབུགས་ཐེངས་གཅིག་གིས་ཞུས་ཤིང་། ད་གཟོད་ཕ་མ་གཉིས་ཀྱིས་ངོ་མ་ཅི་ཞིག་གསུང་འཆར་ཡོད་དམ་སྙམ་པའི་མུས། པཱ་བསྟན་འཛིན་གྱིས་“བུ་མོ། སྣུམ་འཁོར་འདིའི་རིན་འབབ་རྩད་གཅོད་ཀྱི་ཁྲོད་ནས་ཁྱོད་ཀྱིས་གནས་ལུགས་ཤིག་རྟོགས་སོང་ངམ།” ཅེས་དྲིས་མ་ཐག  །ཨ་མ་ལྷ་རིལ་གྱིས་“བུ་མོ། མོ་ཊ་འདི་དང་འདྲ་བར། གལ་ཏེ་མ་འོངས་པར་ཁྱོད་རང་སོ་སོ་ལ་འཚམ་པའི་ལས་ཀའི་འཁོར་ཡུག་ཅིག་ཏུ་འདུག་མ་ཐུབ་ཚེ་གཞན་གྱིས་རིན་ཐང་གང་ཡང་སྤྲོད་ཀྱི་མ་རེད། སྐབས་དེ་དུས་མིས་ཁྱོད་ལ་བརྩི་མཐོང་བྱེད་ཀྱི་མི་འདུག་ཅེས་ཁོང་ཁྲོ་ཟ་མི་ཉན། དེ་བས་སོ་སོའི་ལས་ཀ་བྱ་སའི་ཁོར་ཡུག་ནོར་ཡོད་པ་ཤེས་པ་དགོས།” ཞེས་བསླབ་བྱ་བྱས་པ་དང་།  ཕ་བསྟན་འཛིན་གྱིས་ཀྱང་“བུ་མོ། མ་འོངས་པར་ཁྱོད་ཀྱིས་རང་ཉིད་ཀྱི་རིན་ཐང་མ་མཐོང་སའི་ལས་གནས་ཀྱི་ཁོར་ཡུག་ཅིག་ཏུ་ནམ་ཡང་ཨུ་བཙུགས་ཀྱིས་འདུག་མི་ཉན། དེ་བས་གླ་ཡོན་དམའ་ཡང་རང་ཉིད་ཀྱི་སྒྱུ་རྩལ་ལ་རིན་ཐང་ཐོབ་སའི་ཁོར་ཡུག་ཅིག་ལ་འདུག་དགོས།” ཞེས་བསླབ་བྱ་གནང་བ་རེད་ཟེར།


       

                  ཕྱི་ལོ་  ༢༠༢༢  ཟླ་  ༠༢  ཚེས་ ༡༢ ཉིན།

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།