སྒྲུང་ཐུང་བོད་སྒྱུར་མ། (༡༦-༢༠)

 ༡༦) འོ་མ་ཤེལ་ཕོར་གང་གིས་སྨན་རིན་སྤྲད་པ།


      སྔོན་དུས་ཤིག་ལ་བྱིས་པ་དབུལ་པོ་ཞིག་སློབ་ཡོན་སྤྲོད་རྒྱུའི་ཆེད་ཉིན་ལྟར་ཁང་ཁྱིམ་རེ་རེ་བཞིན་ཚགས་པར་འཚོང་དུ་འགྲོ་གི་ཡོད།  ཉིན་ཞིག་ཁོ་པ་ལམ་དུ་འགྲོ་བཞིན་པའི་སྐབས་ལུས་སྟོབས་ཞན་པོའམ་སྐྱོ་པོ་ཆགས་པའི་ཚོར་སྣང་ཞིག་སྐྱེ་འགོ་ཚུགས། ཡ་ང་བའི་བུ་དེས་ཁང་ཁྱིམ་རྗེས་མ་དེར་ཟམ་སློང་རྒྱུ་ཐག་བཅད།


       བྱིས་པ་དེས་ཟ་མ་བྱིན་རོགས་ཞེས་སློང་མོ་ཐེངས་མང་བརྒྱབས་མོད། ཟ་མ་སྦྱིན་མཁན་གཅིག་ཀྱང་མ་བྱུང་། མཐའ་མ་བུ་མོ་ཆུང་ཆུང་ཞིག་གི་སྒོ་ཁར་ཐོན་པ་དང་ཆུ་ཕོར་པ་གང་གནང་རྒྱུའི་རེ་བ་ཞུས་པ་རེད། འོན་ཀྱང་བུ་མོ་དེས་ཁོའི་ཡ་ང་བའི་གནས་བབས་དེ་མཐོང་རྗེས་འོ་མ་ཤེལ་ཕོར་གང་ཁྱེར་ནས་ཕྱིར་ཐོན་ཡོང་། བུ་དེས་འོ་མ་ལ་རིན་འབབ་ཇི་ཙམ་སྤྲོད་དགོས་མིན་དྲིས་ཀྱང་། བུ་མོ་དེས་རིན་འབབ་མ་བླང་།


        ལོ་མང་པོའི་རྗེས་སུ་བུ་མོ་དེ་ནར་སོན་པའི་བུད་མེད་ཅིག་ཏུ་གྱུར། སྟབས་མ་ལེགས་པ་ཞིག་ལ་ཁོ་མོར་ནད་ཅིག་ཕོག་སྟེ་སྨན་པ་མང་པོར་བསྟེན་གཏུག་བྱས་ཀྱང་སྨན་བཅོས་ཐུབ་མཁན་སུ་ཡང་མ་བྱུང་། མཐའ་མ་ཁོ་མོ་གྲོང་རྡལ་གྱི་སྨན་ཁང་བཟང་ཤོས་དེར་བསྟེན་དུ་ཕྱིན།


        དེ་ནས་སྨན་པ་ཞིག་གིས་ཟླ་བ་ཁ་ཤས་སྨན་བཅོས་བྱས་མཐར་ཁོ་མོ་དྲག་སྐྱེད་བྱུང་ཞིང་བདེ་སྐྱིད་ཐོབ། འོན་ཀྱང་ཁོ་མོར་སྨན་བཅོས་ཀྱི་འགྲོ་སོང་འདང་ངེས་མེད་སྟབས་སེམས་ཁུར་ཆེན་པོ་བྱུང་ཞིང་ཇི་ལྟར་བྱ་དགོས་མི་ཤེས་པར་ལུས། གང་ཙམ་ནས་སྨན་ཁང་གིས་ཁོ་མོར་བྱུང་འཛིན་ཞིག་སྤྲད་པ་ན། མོས་བྱུང་འཛིན་དེ་ལག་ཏུ་བླངས་ནས་དངངས་སྐྲག་གིས་ལྟ་སྐབས་དེའི་སྟེང་“འོ་མ་ཕོར་པ་གང་གིས་སྨན་རིན་ཡོངས་རྫོགས་སྤྲད་ཟིན་”ཞེས་བྲིས་ཡོད་དོ།།




༡༧) གྲོག་མ་དང་འབུ་ཆ་ག་པ།


      བཀྲག་མདངས་མཚེར་བའི་སྟོན་དུས་ཀྱི་ཉིན་མོ་ཞིག །གྲོག་མ་ཁྱིམ་ཚང་གཅིག་དྲོད་འཇམ་ཉི་འོད་ཁྲོད་དུ་ལས་ཀ་བྱེད་པར་བྲེལ་བཞིན་ཡོད།  དེ་ཡང་ཁོ་ཚོས་དབྱར་དུས་སུ་གསོག་འཇོག་བྱས་པའི་འབྲུ་རིགས་དག་སྐམ་བཞིན་ཡོད་པ་རེད། སྐབས་དེར་ལྟོགས་སྐོམ་གྱིས་མནར་བའི་འབུ་ཆ་ག་པ་ཞིག་དེར་སླེབས། ཁོ་པས་བྱ་སྒྲོ་ལག་པའི་འོག་ཏུ་བཅུག་ནས་གུས་ཞབས་ཀྱིས་ཟས་ཁམ་གང་སློང་།


       “ག་རེ།”གྲོག་མ་རྣམས་ཀྱིས་སྐད་ཤུགས་ཆེན་པོ་བརྒྱབ་པ་དང་། “ཁྱོད་ཀྱིས་དགུན་ཁའི་ཆེད་ཟ་མ་གསོག་འཇོག་བྱས་མེད་དམ། དབྱར་ཁ་ཡོངས་རྫོགས་ས་གཞིའི་ཐོག་ཅི་ཞིག་ལས་ཀྱིན་བསྡད་པ་ཡིན་ནམ།” ཞེས་དྲིས། 


         “དགུན་ཁ་མ་ཤར་གོང་ང་ལ་ཟས་རིགས་གསོག་འཇོག་བྱ་རྒྱུར་དུས་ཚོད་མ་བྱུང་།” འབུ་ཆ་ག་པས་ངུ་འབོད་དང་བཅས།  “ང་རོལ་དབྱངས་བཟོ་སྐྲུན་བྱེད་པར་བྲེལ་བ་ཆེ་བས་དབྱར་ཁ་ཡོལ་ཟིན་འདུག” ཅེས་བཤད།


         གྲོག་མ་རྣམས་ཀྱིས་དཔུང་པ་གསིག་གསིག་བྱེད་བཞིན། “ཁྱོད་ཀྱིས་རོལ་དབྱངས་བཟོ་བཞིན་བསྡད་པ་ཡིན་ཨེ། ཧ་ཅང་བཟང་། ད་ཞབས་བྲོ་འཁྲོབས།” ཞེས་བཤད་དེ། ཁོ་ཚོས་འབུ་ཆག་པར་རྒྱབ་བསྟན་ནས་རང་རང་གི་ལས་ཀ་བྱེད་བཞིན་བསྡད་དོ།།




༡༨) བུ་གསུམ་དང་དབྱུག་པ་ཆུན་པོ།

 

      སྔོན་མ་ཞིག་ལ་རྒད་པོ་གཅིག་རང་ཉིད་ཀྱི་བུ་གསུམ་དང་ལྷན་དུ་གྲོང་གསེབ་ཅིག་གི་ནང་འཚོ་བ་རོལ་གྱི་ཡོད།  ཁོ་པའི་བུ་གསུམ་ཀར་ལས་ལ་ཧུར་བརྩོན་ཅན་ཤ་སྟག་ཡིན་མོད། ཁོ་ཚོས་རྟག་ཏུ་ཁ་རྩོད་རྒྱག་གི་ཡོད། རྒན་པོས་ཁོ་ཚོ་གསུམ་མཐུན་པོ་ཡོང་ཐབས་བྱས་ཀྱང་མཐུན་པོ་བཟོ་མ་ཐུབ།


      ཟླ་བ་མང་པོའི་རྗེས། རྒན་པོ་དེ་ནད་ཀྱིས་མནར་ཏེ། ཁོང་པས་རང་གི་བུ་རྣམས་ལ་མཐུན་སྒྲིལ་ངང་སྡོད་དགོས་ཞེས་མངག་བྱ་བྱས་ཀྱང་ཁོ་ཚོས་ཉན་འཇོག་མ་བྱས། སྐབས་དེར་བགྲེས་སོང་དེས་ཁོ་ཚོར་ནང་ཁུལ་གྱི་འགལ་ཟླ་བརྗེད་ནས་མཐུན་སྒྲིལ་ཡོང་རྒྱུར་སློབ་གསོ་ཞིག་སྤྲོད་རྒྱུ་ཐག་བཅད་པ་རེད། 


      བགྲེས་སོང་དེས་བུ་རྣམས་བོས་ནས་བརྗོད་དོན་ “ ངས་ཁྱོད་ཚོར་དབྱུག་པ་ཆུན་པོ་ཞིག་སྤྲད་ཆོག  །ཁྱོད་ཚོས་དབྱུག་པ་དེ་དག་རེ་རེ་བཞིན་དུམ་བུ་གཉིས་གཉིས་སུ་ཐོངས་ཤིག །སུས་སྔོན་ལ་བྱ་བ་དེ་བསྒྲུབས་ཐུབ་ན་དེ་ལ་གཞན་ལས་ལྷག་པའི་བྱ་དགའ་སྤྲོད་རྒྱུ་ཡིན།” ཞེས་བཤད། 


       བུ་རྣམས་ཀྱིས་དེ་བཞིན་བྱ་རྒྱུར་འཐད་པ་བྱུང་། རྒན་པོས་ཁོ་ཚོར་དབྱུག་པ་ཆུན་པོ་རེ་རེ་སྤྲད་ནས་དབྱུག་པ་རེ་རེ་བཞིན་དུམ་བུར་གཏོང་དུ་བཅུག །ཕྲུ་གུ་ཚོས་སྐར་མ་ཁ་ཤས་ནང་དབྱུག་པ་དག་བཅག་རྗེས། ཡང་བསྐྱར་ནང་ཁུལ་ཁ་རྩོད་རྒྱག་འགོ་བརྩམས།


       བགྲེས་སོང་གིས་ “ངའི་སྙིང་ནས་བརྩེ་བའི་བུ་ཆུང་ཚོ། འགྲན་བསྡུར་ད་དུང་མཇུག་སྒྲིལ་མེད། ངས་ཁྱོད་ཚོར་དབྱུག་པ་ཆུན་པོ་གཞན་ཞིག་སྤྲད་རྒྱུ་ཡིན། ད་ལན་ཁྱོད་ཚོས་དབྱུག་པ་རེ་རེ་བཞིན་མ་ཕྱེ་བར་ཚང་མ་མཉམ་དུ་གཅོག་དགོས།” ཞེས་བརྗོད།


        བུ་རྣམས་ཀྱིས་དགའ་སྤྲོའི་ངང་ནས་མོས་མཐུན་བྱས་ཏེ་དབྱུག་པ་ཆུན་པོ་དེ་དག་གཅོག་རྩིས་བྱས། ཁོ་ཚོས་ནུས་ཤུགས་ཡོད་ཚད་བཏོན་ཡང་དབྱུག་པ་བཅག་མ་ཐུབ་པ་རེད། དེར་བུ་རྣམས་ཀྱིས་ཨ་ཕར་ཁོ་ཚོས་གཅོག་མི་ཐུབ་ཚུལ་བཤད་པ་ན།


        བགྲེས་སོང་གིས་ “ལྟོས་དང་། ངའི་སྙིང་ནས་བརྩེ་བའི་བུ་ཕྲུག་ཚོ།དབྱུག་པ་དེ་དག་གཅིག་གཅིག་རྐྱང་པ་གཅག་རྒྱུ་ནི་ཁྱེད་ཚོའི་ངོས་ནས་ལས་སླ་མོ་ཞིག་ཡིན་མོད། འོན་ཀྱང་ཁྱོད་ཚོས་དེ་དག་ཆུན་པོ་བྱས་ནས་གཅོག་མི་ཐུབ། དེར་བརྟེན་མཐུན་སྒྲིལ་བྱས་ན་མི་སུས་ཀྱང་ཁྱོད་ཚོར་གནོད་མི་ཐུབ། གལ་ཏེ་ཁྱོད་ཚོས་མུ་མཐུད་ནས་རྩོད་པ་བརྒྱབས་ན་མི་སུ་རུང་གིས་ཁྱེད་ཚོ་ཕམ་དུ་འཇུག་ཐུབ།” ཅེས་བརྗོད།


      བགྲེས་སོང་གི་མུ་མཐུད་ “ ངས་ཁྱོད་ཚོར་མཐུན་སྒྲིལ་བྱ་རོགས་ཞེས་རེ་བ་ཞུ་རྒྱུ་ཡིན།” ཞེས་བཤད་པ་ན། བུ་གསུམ་པོས་མཐུན་སྒྲིལ་ལ་སྟོབས་ཤུགས་ཡོད་པ་རྟོགས་ནས་ཨ་ཕར་ཁོ་ཚོ་གསུམ་གྱིས་ཆིག་སྒྲིལ་ངང་འཚོ་རྒྱུའི་དམ་བཅའ་བཞག་གོ།




༡༩) སེར་སྣ་ཅན་དང་ཁོ་པའི་གསེར།


      སྔོན་དུས་ཤིག་ན་རྒས་པོ་སེར་སྣ་ཅན་ཞིག་རང་ཉིད་ཀྱི་ལྡུམ་ར་དང་ལྡན་པའི་ཁང་པའི་ནང་བསྡད་ཡོད། རྒས་པོ་སེར་སྣ་ཅན་དེས་རང་ཉིད་ཀྱི་གསེར་ཡོད་ཚད་ལྡུམ་ར་དེའི་ནང་གི་རྡོའི་འོག་ཏུ་སྦེད་ཀྱི་ཡོད། 


      དགོང་ལྟར་མ་ཉལ་གོང་དུ་ཁོས་ལྡུམ་རའི་ནང་སོང་སྟེ་གསེར་གྱི་དོང་ཙེ་དག་རྩིས་རྒྱག་གི་ཡོད་པ་རེད། རྒས་པོ་དེས་ཉིན་ལྟར་འཆར་ཅན་ལྟ་བུར་ལས་དོན་དེ་ཉིད་བྱེད་ཀྱི་ཡོད་ཀྱང་། དོང་ཙེ་གཅིག་ཀྱང་བེད་སྤྱོད་བྱས་མ་མྱོང་། 

       ཉིན་ཞིག་ལ། རྐུན་མ་གཅིག་གིས་རྒས་པོ་སེར་སྣ་ཅན་དེས་གསེར་གྱི་དོང་ཙེ་སྦེད་བཞིན་པ་མཐོང་།  རྒས་པོ་ནང་དུ་ལོག་རྗེས་རྐུན་མ་དེ་ལྡུམ་རའི་ནང་དུ་ཕྱིན་ནས་གསེར་གྱི་དོང་ཙེ་ཚང་མ་བརྐུས་པ་རེད།


     ཕྱི་ཉིན་རྒས་པོ་དེ་དོང་ཙེ་བརྩི་རུ་སླེབས་རྗེས་ཁོས་དོང་ཙེ་གཅིག་ཀྱང་ལྷག་མེད་པ་ཤེས་ཏེ་སྐད་ཤུགས་ཆེན་པོས་སྨྲེ་སྔགས་འདོན་འགོ་བརྩམས། ཁྱིམ་མཚེས་ཀྱིས་ཁོ་པའི་སྐད་སྒྲ་ཐོས་མ་ཐག་རྒྱུག་ཡོང་སྟེ་ཅི་ཞིག་བྱུང་མིན་དྲིས་པ་རེད། ཁྱིམ་མཚེས་ཀྱིས་གནད་དོན་ཅི་ཞིག་བྱུང་བ་ཤེས་རྗེས།  “ཁྱོད་ཀྱིས་ཅི་ཕྱིར་སྒོར་མོ་དེ་དག་རང་ཉིད་ཀྱི་ཁང་པའི་ནང་དུ་ཉར་འཚག་མ་བྱས་པ་ཡིན་ནམ། ཁྱོད་རང་གི་ཁང་པའི་ནང་བདེ་འཇགས་ལེགས་པ་ཡོད་ཀྱི་མ་རེད་དམ།” ཞེས་དྲིས།


      ཁྱིམ་མཚེས་ཀྱིས་མུ་མཐུད་ནས་ “སྒོར་མོ་ནང་དུ་ཉར་ཡོད་ན་དངོས་པོ་ཉོ་དགོས་དུས་ཀྱང་འགྲོ་སོང་གཏོང་རྒྱུ་སྟབས་བདེ་བ་ཡོད་རེད།” ཅེས་བཤད་པ་ན། རྒས་པོ་སེར་སྣ་ཅན་དེས་“ཅ་དངོས་ཉོ་རྒྱུ་ཨེ།” “ངས་གསེར་དེ་དག་ནམ་ཡང་བེད་སྤྱོད་གཏོང་རྩིས་མེད།” ཅེས་ལན་བཏབ།


      ཁྱིམ་མཚེས་ཀྱིས་སྐད་ཆ་དེ་གོ་རྗེས་རྡོ་ཞིག་བསྒྲུགས་ཏེ་འཕང་ནས། “དེ་ལྟར་ན་རྡོ་འདི་ཉར་འཚག་བྱོས། འདི་ནི་ཁྱོད་ཀྱིས་བོར་ཟིན་པའི་གསེར་དེ་དག་དང་རིན་ཐང་མེད་པ་གཅིག་མཚུངས་རེད།” ཅེས་བཤད་དོ།།




༢༠) སྤྲེའུ་དང་ཆུ་སྲིན།


     ཆུ་བོ་ཞིག་གི་འགྲམ་ན་ལུམ་འབྲས་ཀྱི་ཤིང་སྡོང་ཞིག་ཡོད། དེའི་ཐོག་སྤྲེའུ་ཞིག་འཚོ་གནས་བྱེད་ཀྱི་ཡོད་པ་རེད།  ཁོས་ཉིན་ལྟར་ལུམ་འབྲས་ཞིམ་པོ་དག་ཟ་གི་ཡོད། 


     ཐེངས་ཤིག  །ཁོས་ཤིང་སྡོང་གི་འོག་ཏུ་ཆུ་སྲིན་ཞིག་བཀྲེས་སྐོམ་གྱིས་མནར་ཞིང་། ཐང་ཆད་ནས་ངལ་གསོ་བྱེད་བཞིན་ཡོད་པ་མཐོང་ནད་ལུམ་འབྲས་ཏོག་ཙམ་སྟེར་པ་རེད།


      ཆུ་སྲིན་གྱིས་སྤྲའུ་ལ་ཐུགས་རྗེ་ཆེ་ཞུས་པ་དང་། ཡུན་རིང་མ་འགོར་བར་ཁོ་གཉིས་གྲོགས་པོ་བཟང་པོར་གྱུར་ཞིང་། སྤྲེའུས་ཉིན་ལྟར་ཆུ་སྲིན་ལ་ལུམ་འབྲས་སྟེར་གྱི་ཡོད།


      ཉིན་ཞིག་སྤྲེའུས་ཆུ་སྲིན་ལ་ནང་དུ་སྐྱེད་དམན་ལ་འཁྱེར་རྒྱུའི་ཆེད་ལུམ་འབྲས་འཕར་མ་མང་པོ་སྤྲད།


      ཆུ་སྲིན་གྱི་ཆུང་མ་ནི་ཆུ་སྲིན་གདུག་པ་ཅན་ཞིག་ཡིན་ཞིང་། མོས་ལུམ་འབྲས་མངར་མོའི་བྲོ་བ་མྱངས་ཟིན་རྗེས། ཁྱོ་གར་“ངས་སྤྲེའུ་དེའི་སྙིང་ཟ་འདོད་འདུག །དེ་ཕལ་ཆེར་འདི་ལས་བྲོ་བ་ཆེ་ངེས།” ཞེས་བཤད། 


      ཆུ་སྲིན་དེ་ཐོག་མར་སྤྲོ་ལངས་མོད། འོན་ཀྱང་ཆུང་མའི་འདོད་འདུན་ལ་མགོ་སྒུར་རྒྱུར་ཐག་བཅད། 


       ཕྱི་ཉིན་ཁོ་པས་སྤྲེའུ་ལ་ཁོའི་ཆུང་མས་ནང་དུ་དགོང་ཟས་ཟ་རུ་འབོད་ཤོག་ཟེར་གྱི་འདུག་ཅེས་བཤད་ནས་ཁྲིད། 


       ཆུ་སྲིན་དེས་སྤྲེའུ་རྒྱབ་ཏུ་འཁུར་སྟེ་ཆུ་སྒྲོལ་སྐབས་ཁོ་པའི་ཆུང་མས་སྤྲེའུ་ཡི་སྙིང་བཟའ་བར་འདོད་པའི་འཆར་གཞི་དེ་སྤྲེའུར་བཤད། 


        སྤྲེའུ་དེ་ཧ་ཅང་སྤྱང་བས་ཆུ་སྲིན་ལ་ཁོ་པའི་སྙིང་ལུམ་འབྲས་ཀྱི་སྡོང་བུའི་སྟེང་དུ་ལུས་འདུག་པས་དེ་ལེན་དུ་འགྲོ་དགོས་ཚུལ་བཤད། 


        ཆུ་སྲིན་གྱིས་གླེན་རྟགས་བསྟན་ནས་སྤྲེའུ་སྡོང་བུའི་ཐོག་ཏུ་བསྐྱལ་ཞིང་།   སྤྲའུ་དེར་སླེབས་པ་དང་ལམ་སེང་ཤིང་སྡོང་གི་རྩེར་འཛེགས་ཏེ།


       སྤྲེའུས་“སུ་ཞིག་གིས་སྙིང་ཆུང་ཤིང་སྡོང་གི་སྟེང་དུ་འཇོག་གི་རེད་དམ། ངས་ཁྱོད་ལ་ཡིད་ཆེས་བྱས་ཀྱང་ཁྱོད་ཀྱིས་ང་བསླུས་སོང་། ངེད་གཉིས་ནམ་ཡང་གྲོགས་སུ་འགྱུར་མི་ཐུབ།” ཅེས་བཤད།


       ཆུ་སྲིན་དེ་རང་ཉིད་ཀྱི་གྲོགས་པོ་ཤོར་རྗེས་ཡིད་སྐྱོ་བའི་ངང་རང་ཉིད་ཀྱི་ཆུང་མ་གདུག་པ་ཅན་དེའི་སར་ལོག་སོང་ངོ་།།

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།