སྒྲུང་ཐུང་བོད་སྒྱུར་མ། (༡༡-༡༥)
༡༡) ང་རྒྱལ་ཅན་གྱི་རྒྱ་སེ་མེ་ཏོག
སྔོན་དུས་ཤིག་ལ་ས་ཐག་ཧ་ཅང་རིང་བའི་བྱེ་ཐང་ཞིག་གི་དབུས་སུ་རྒྱ་སེ་མེ་ཏོག་ཅིག་ཡོད། ཁོ་མོ་རང་ཉིད་ཀྱི་མཛེས་སྡུག་ལ་སྤོབས་པ་ཞེ་དྲག་སྐྱེ་བཞིན་ཡོད། ཁོ་མོས་མ་དགའ་བ་བྱེད་དོན་གཅིག་རང་ཡོད་པ་ནི་ཀླུ་ཤིང་མདོག་ངན་པ་ཞིག་གི་འགྲམ་དུ་འཚར་ལོངས་འབྱུང་བཞིན་པ་དེ་རེད།
ཉིན་ལྟར་མཛེས་པའི་རྒྱ་སེ་དེས་ཀླུ་ཤིང་གི་མདོག་ལ་དམའ་འབེབས་དང་འཕྱ་སྨོད་བྱེད། འོན་ཀྱང་ཀླུ་ཤིང་གིས་རྟག་ཏུ་ལན་མ་བཏབ་པར་ཁ་ཁུ་སིམ་པོའི་ངང་སྡོད་ཀྱི་ཡོད། ཉེ་འགྲམ་གྱི་རྩི་ཤིང་ཚང་མས་རྒྱ་སེ་མེ་ཏོག་ལ་གོ་སྐོན་བསླབ་བྱ་བྱེད་ཐབས་བྱས། འོན་ཀྱང་ཁོ་མོ་ཁེངས་དྲེགས་ཆེས་དྲག་པས་ཉན་འཇོག་མ་བྱས།
ཚ་གདུག་ཆེ་བའི་དབྱར་ཁ་ཞིག་ལ། བྱེ་ཐང་དེ་སྐམ་པོར་གྱུར་ནས་རྩི་ཤིང་རྣམས་ལ་ཆུ་མ་ལྷག །དུས་ཐུང་ནང་རྒྱ་སེ་མེ་ཏོག་དེ་རྙིད་འགོ་ཚུགས། ཁོ་མོའི་མཛེས་པའི་འདབ་མ་དག་གི་ཚོན་མདོག་བརླགས་ནས་བསྐམས།
ཁོ་མོས་ཀླུ་ཤིང་ལ་ལྟ་སྐབས། ཁང་བྱིའུ་ཞིག་གིས་མཆུ་ཏོ་ཁོ་པའི་ནང་བཅུག་ནས་ཆུ་འཐུང་བཞིན་པ་མཐོང་། རྒྱ་སེ་མེ་ཏོག་གིས་ངོ་ཚ་དང་བཅས་ཀླུ་ཤིང་ལ་ཆུ་ཏོག་ཙམ་འཐུང་ཆོག་མིན་དྲིས་པར། བྱམས་སེམས་ཅན་གྱི་ཀླུ་ཤིང་གིས་དགའ་སྤྲོའི་ངང་མོས་མཐུན་བྱས་ཏེ། གྲོགས་པོའི་འདུ་ཤེས་ཀྱིས་ཁོ་གཉིས་ཀར་དཀའ་ཚེགས་ཆེ་བའི་དབྱར་ཁའི་རིང་རོགས་རམ་བྱས།
༡༢) འོ་མ་འཇོ་མཁན་དང་ཁོ་མོའི་ཟོམ།
ཉིན་ཞིག །འོ་མ་འཇོ་མཁན་མོ་ལི་ཡིས་རང་ཉིད་ཀྱི་ཟོམ་ནང་དུ་འོ་མ་བཀང་། ཁོ་མོའི་ལས་ཀ་ནི་འོ་མ་འཇོ་རྒྱུ་དང་ཚོང་རར་ཁྱེར་ནས་བཙོང་རྒྱུ་དེ་རེད། མོ་ལི་ནི་མོ་རང་གི་སྒོར་མོ་ཅི་ཞིག་གི་ཐོག་ལ་གཏོང་དགོས་མིན་བསམ་བློ་གཏོང་རྒྱུར་དགའ་བ་ཞིག་རེད།
ཁོ་མོས་ཟོམ་ནང་འོ་མ་བཀང་ནས་ཚོང་རར་སོང་བ་དང་། ཡང་བསྐྱར་ཉོ་འདོད་པའི་དངོས་པོ་ཡོད་ཚད་ཡིད་ལ་དྲན། ལམ་བར་དུ་འགྲོ་བཞིན་པའི་སྐབས་མོས་འཁུར་ར་གཅིག་དང་ལུམ་འབྲས*་སོས་པ་སྨྱུག་གཟེབ་གང་ཉོ་དགོས་སྙམ་པ་རེད།
ལམ་དུ་མར་ཅུང་ཙམ་སོང་རྗེས་ཁོ་མོས་བྱ་མོ་ཞིག་མཐོང་། མོས་“ངས་དེ་རིང་འཐོབ་པའི་སྒོར་མོས་བྱ་མོ་ཞིག་ཉོ་གི་ཡིན། བྱ་མོ་དེས་སྒོ་ང་གཏོང་གི་རེད། དེ་ན་ངས་འོ་མ་དང་སྒོ་ང་བཙོང་ནས་སྒོར་མོ་མང་པོ་ལེན་ཐུབ།”སྙམ།
མོས་མུ་མཐུད་དུ་“སྒོར་མོ་མང་པོ་བྱུང་ན། ངས་མཆོར་གོས་ཉོས་ནས་འཇོ་མ་གཞན་ལ་ཕྲག་དོག་སློང་ཐུབ་རྒྱུ་རེད།”སྙམ་བཞིན་སྤྲོ་སེམས་ཀྱིས་ཟོམ་གྱི་ནང་འོ་མ་ཡོད་པ་བརྗེད་ནས་འཕག་མཆོང་བྱེད་འགོ་བརྩམས་པ་ན། དེ་མ་ཐག་འོ་མ་ཟོམ་ཁ་ནས་འཕྱུར་འགོ་ཚུགས་ཏེ་མོ་ལི་ཡི་གཟུགས་པོ་ཡོངས་སུ་ཁེབས།
མོ་ལི་བངས་ནས་རང་ཉིད་ལ་“འགྲིག་མ་སོང་། ད་ང་ལ་བྱ་མོ་ཉོ་བྱེད་ཀྱི་སྒོར་མོ་འདང་ངེས་ཤིག་ཡོང་གི་མ་རེད།” ཅེས་བཤད་ཅིང་། ཟོམ་སྟོང་པ་དེ་ཁྱེར་ནས་ཁྱིམ་དུ་ལོག
“ཨ་ལ་ལ། དཀོན་མཆོག་མཁྱེན། ཁྱོད་ལ་ཅི་ཞིག་བྱུང་སོང་ངམ།”མོ་ལི་ཡི་ཨ་མས་དེ་ལྟར་དྲིས།
“ང་རང་ཉོ་འདོད་ཡོད་པའི་དངོས་པོ་དེ་དག་ཐོག་རྨི་ལམ་གཏོང་རྒྱུར་བྲེལ་ནས་ལག་ཏུ་ཡོད་པའི་འོ་ཟོམ་བརྗེས་འདུག”ཅེས་ལན་བཏབ།
“འོ། མོ་ལི། ངའི་སྙིང་ཉེ་མ། ངས་ཁྱོད་ལ་‘བྱ་ཕྲུག་སྒོ་ང་ལས་མ་འཐོན་བར་ཁ་གྲངས་བརྩི་དགོས་མ་རེད།’ཅེས་ཐེངས་ག་ཚོད་བཤད་དགོས་པ་རེད་དམ།” ཞེས་བཤད།
* Strawberry འབྲི་ཏ་ས་འཛིན། = ལུམ་འབྲས་དམར་པོ་འཛེར་པ་རོག་རོག་ཅན། (ཨིན་བོད་ཚིག་མཛོད་གསར་མ)
༡༣) ཞིང་པ་དང་ཁྲོན་པ།
ཉིན་ཞིག་ཞིང་པ་ཞིག་རང་གི་ཞིང་ཁར་ཆུའི་འབྱུང་ཁུངས་ཤིག་འཚོལ་བཞིན་ཡོད་པ་ལྟར། ཁྱིམ་མཚེས་ཀྱི་ཁྲོན་པ་ཉོས། འོན་ཀྱང་ཁྱིམ་མཚེས་ནི་མི་གཡོ་སྒྱུ་ཅན་ཞིག་རེད། ཕྱི་ཉིན་དེར་ཞིང་པས་རང་ཉིད་ཀྱི་ཁྲོན་པ་ནས་ཆུ་ལེན་དུ་ཡོང་པ་ན། ཁྱིམ་མཚེས་དེས་ལེན་དུ་མ་བཅུག
ཞིང་པས་རྒྱུ་མཚན་ཅི་ཡིན་འདྲི་སྐབས། ཁྱིམ་མཚེས་དེས་“ངས་ཁྱོད་ལ་ཁྲོན་པ་བཙོངས་པ་ལས་ཆུ་བཙོངས་མེད” ཅེས་ལན་བཏབ་ནས་ཕྱིན། ཞིང་པ་སེམས་སྡུག་ནས་རྒྱལ་པོའི་དྲུང་དུ་དྲང་བདེན་སྐྱོང་བའི་རེ་བ་ཞུ་རུ་ཕྱིན་ཏེ། དོན་དག་གང་བྱུང་བ་ཚང་མ་སྙན་སེང་ཞུས་པ་རེད།
རྒྱལ་པོས་རང་གི་བློན་པོ་སྤྱང་ཤོས་དགུའི་ནང་གི་བྷིར་བར་བོས་པ་དང་། སྦིར་བར་གྱིས་ཞིང་པའི་ཁྱིམ་མཚེས་ལ་དྲི་རྩད་བྱེད་འགོ་བརྩམས།
“ཁྱོད་ཀྱིས་ཅི་ཕྱིར་ཞིང་པ་ལ་ཁྲོན་པ་ནས་ཆུ་ལེན་དུ་མ་བཅུག་པ་ཡིན། ཁྱོད་ཀྱིས་ཁྲོན་པ་དེ་ཞིང་པ་ལ་བཙོངས་པ་མ་ཡིན་ནམ།”
ཁྱིམ་མཚེས་དེས་ “ སྦིར་བར་ལགས། ངས་ཁྲོན་པ་དེ་ཞིང་པར་བཙོངས་མོད། འོན་ཀྱང་དེའི་ནང་གི་ཆུ་བཙོངས་མེད་པས། ཁོ་ལ་ཁྲོན་པའི་ནང་ནས་ཆུ་ལེན་པའི་ཐོབ་ཐང་ཡོད་མ་རེད།” ཅེས་ལན་བཏབ།
སྦིར་བར་གྱིས་ “ལྟོས་དང་། ཁྱོན་ཀྱིས་ཁྲོན་པ་བཙོངས་པ་ནས་བཟུང་ཞིང་པའི་ཁྲོན་པའི་ནང་དུ་ཆུ་འཇོག་པའི་ཐོབ་ཐང་ཡོད་མ་རེད། བྱས་ཙང་ཞིང་པར་གླ་ཆ་སྤྲོད་པའམ་ཡང་ན་འཕྲལ་དུ་ཆུ་མར་གདོན་དགོས།” ཞེས་བཤད་པ་ན། ཁྱིམ་མཚེས་དེས་རང་ཉིད་ཀྱི་འཆར་གཞིར་ལམ་འགྲོ་མ་རྒྱུག་པ་ཤེས་ནས་དགོངས་དག་ཞུས་ཏེ་ཡུལ་དུ་ལོག་གོ།
༡༤) གླང་ཆེན་དང་གྲོགས་པོ།
ཁེར་རྐྱང་གི་གླང་པོ་ཆེ་ཞིག་ནགས་ཚལ་བརྒྱུད་གྲོགས་པོ་འཚོལ་བར་འགྲོ་བཞིན་ཡོད། དུས་ཐུང་ནང་མོས་སྤྲེའུ་ཞིག་མཐོང་བས་“སྤྲེའུ་ལགས། ངེད་གཉིས་གྲོགས་པོ་བསྒྲིགས་ན་ཨེ་ཆོག་གམ།” ཞེས་དྲིས།
སྤྲེའུས་ལམ་སེང་“ཁྱོད་ནི་གཟུགས་སྟོབས་ཆེ་ཞིང་། ང་ལྟར་ཤིང་སྡོང་རྩེར་དཔྱང་འཁྲུལ་བྱེད་མི་ཐུབ་པས་ང་ཁྱོད་ཀྱི་གྲོགས་པོ་ཡོང་གི་མ་རེད།” ཅེས་ལན་བཏབ།
གླང་ཆེན་གྱིས་བློ་ཕམ་དང་བཅས་མུ་མཐུད་འཚོལ་བཞིན་པའི་སྐབས། གློ་བུར་དུ་རི་བོང་ཞིག་ལ་འཕྲད་པས་ཁོ་མོས་“རི་བོང་ལགས། ངེད་གཉིས་གྲོགས་པོ་བསྒྲིགས་ན་ཨེ་ཆོག་གམ།” ཞེས་དྲིས།
རི་བོང་གིས་གླང་ཆེན་ལ་ལྟ་ཙམ་བྱས་རྗེས། “ཁྱེད་རང་གཟུགས་སྟོབས་ཆེ་དྲག་པས་ངའི་ཁུང་བུར་ཤོང་གི་མ་རེད། དེར་བརྟེན་ཁྱོད་ངའི་གྲོགས་པོ་ཡོང་གི་མ་རེད།” ཅེས་ལན་བཏབ།
དེ་ནས་གླང་ཆེན་དེས་མུ་མཐུད་བཙལ་བ་ན་སྦལ་པ་ཞིག་དང་འཕྲད། མོས་“སྦལ་པ་ལགས། ངེད་གཉིས་གྲོགས་པོ་བསྒྲིགས་ན་ཨེ་ཆོག་གམ།” ཞེས་དྲིས།
སྦལ་པས་ “ཁྱེད་རང་གཟུགས་སྟོབས་ཆེ་ཞིང་ལྗིད་དྲགས་པས་ང་ལྟར་མཆོང་ལྡིང་བྱེད་མི་ཐུབ། དགོངས་པ་མ་ཚོམ། འོན་ཀྱང་ཁྱོད་ངའི་གྲོགས་པོ་ཡོང་གི་མ་རེད།” ཅེས་ལན་བཏབ།
གླང་ཆེན་གྱིས་མུ་མཐུད་ལམ་བར་དུ་སྲོག་ཆགས་འཕྲད་ཚད་ལ་སྐད་ཆ་དྲིས་མོད། འོན་ཀྱང་ཚང་མས་ལན་གཅིག་པ་བཏབ་པ་རེད། ཕྱི་ཉིན་གླང་ཆེན་གྱིས་ཤིང་ནགས་ཀྱི་སྲོག་ཆགས་ཡོད་ཚད་འཇིག་སྐྲག་ངང་བྲོས་ཡོང་བ་མཐོང་། ཁོ་མོས་དོམ་ཞིག་བཀག་ནས་དོན་དག་ཅི་ཞིག་བྱུང་མིན་དྲིས་པ་ན། སྟག་གིས་སྲོག་ཆགས་ཆུང་ཆུང་ཡོད་ཚད་ལ་གནོད་འཚེ་བྱེད་བཞིན་ཡོད་ཚུལ་བཤད།
གླང་ཆེན་གྱིས་སྲོག་ཆགས་གཞན་རྣམས་སྐྱོབ་པར་འདོད་ནས་སྟག་གི་ཕྱོགས་སུ་བསྐྱོད་དེ། “སྐུ་ཞབས། ངའི་གྲོགས་པོ་ཚོ་རང་གར་འཇོག་རོགས། ཁོ་ཚོ་མ་བཟའ་རོགས།” ཞེས་བཤད།
སྟག་གིས་ཉན་འཇོག་མ་བྱས་ཤིང་། ད་དུང་གླང་ཆེན་ལ་ཇུས་གཏོགས་མེད་ཚུལ་བཤད་པ་རེད།
གླང་ཆིན་གྱིས་ལམ་ཀ་གཞན་མེད་པ་ཤེས་རྗེས་སྟག་ལ་རྡོག་རྒྱག་གཞུས་པས་སྟག་སྐྲག་ཐག་ཆོད་ནས་ཐག་རིང་ལ་བྲོས་ཏེ་སོང་། གླང་ཆེན་གྱི་དཔའ་ངར་ལྡན་པའི་གཏམ་རྒྱུད་དེ་སེམས་ཅན་གཞན་དག་ཚོས་ཐོས་རྗེས། ཚང་མས་གླང་ཆེན་ལ་“ཁྱེད་རང་ང་ཚོ་དང་གྲོགས་པོ་བསྒྲིག་པའི་གཟུགས་སྟོབས་འོས་ཤོས་དེ་རེད།” ཅེས་མོས་མཐུན་བྱས་སོ།།
༡༥) ཚེར་མ་ཅན་གྱི་སྡོང་བུ།
སྔོན་དུས་ཤིག་ལ་བུ་སྤུན་གཉིས་ནགས་ཚལ་ཞིག་གི་མཐའ་མཚམས་སུ་འཚོ་བ་རོལ་བཞིན་ཡོད། ཁོ་གཉིས་ལས་རྒན་པ་དེ་ནུ་བོ་ཆུང་བར་རྟག་ཏུ་སེམས་གནག་བྱེད་མཁན་ཞིག་རེད། རྒན་པ་དེས་ཟ་མ་ཡོངས་རྫོགས་ཁྱེར་ཞིང་གྱོན་པ་ལེགས་པ་ཚང་མ་འཕྲོག་གི་ཡོད།
ཕུ་བོ་དེ་རྒྱུན་དུ་ཁྲོམ་རར་འཚོང་རྒྱུའི་ཆེད་ཤིང་ནགས་སུ་བུད་ཤིང་འཚོལ་དུ་འགྲོ་གི་ཡོད། ཉིན་ཞིག་ཁོ་པ་ནགས་ཚལ་དུ་ཕྱིན་ནས་སྡོང་པོ་རེ་རེ་བཞིན་ཡལ་ག་བཅད་པ་ན། མཚམས་ཤིག་ལ་ཁོ་པ་སྡོང་བུ་ཡ་མཚན་ཅན་ཞིག་དང་འཕྲད།
ཁོས་སྡོང་བུ་དེའི་ཡལ་ག་མ་བཅད་གོང་ནས་སྡོང་བུ་དེས་ཁོ་པ་བཀག་སྟེ་ “བྱམས་བརྩེ་ཅན་གྱི་སྐུ་ཞབས་ལགས། ངའི་ཡལ་ག་མ་གཅོད་རོགས་གནང་། གལ་ཏེ་ཁྱེད་ཀྱིས་ང་ཚེ་ཐར་བཏང་ན་ངས་ཁྱེད་ལ་གསེར་གྱི་ཀུ་ཤུ་སྤྲད་ཆོག” ཅེས་བཤད།
ཕུ་བོ་དེས་ཁས་ལེན་བྱས་མོད། འོན་ཀྱང་སྡོང་བུ་དེས་ཁོ་ལ་བྱིན་པའི་ཀུ་ཤུའི་ཁ་གྲངས་ཀྱིས་ཁོ་འདོད་བློ་མ་ཚིམ།
ཁོས་འདོད་རྔམ་དབང་གིས་གལ་ཏེ་ཀུ་ཤུ་མང་པོ་མ་སྤྲད་ན་སྡོང་པོ་ཧྲིལ་པོ་གཅོད་ཀྱི་ཡིན་ཞེས་འཇིགས་སྐུལ་བྱས་པ་རེད། སྡོང་བུ་དེས་ཀུ་ཤུ་དེ་ལས་ལྷག་པ་སྟེར་རྒྱུའི་ཚབ་ཏུ་ཚེར་མ་ཆུང་ཆུང་བརྒྱ་ཕྲག་མང་པོ་ཁོའི་ཐོག་ཏུ་དྲག་ཆར་བཞིན་ཕབ། ཁོ་པ་ས་ལ་འགྱེལ་ཏེ་ཉི་མ་བཞུད་འགོ་ཚུགས་སྐབས་སུ་ཡང་ན་ཟུག་གིས་མ་བཟོད་པར་ངུ་བཞིན་བསྡད་པ་རེད།
ཡུན་རིང་མ་འགོར་བར་ནུ་བོ་དེ་སེམས་ཁྲལ་ལངས་ཏེ་ཕུ་བོ་འཚོལ་སོང་། ནུ་བོས་བཙལ་བཙལ་མཐར་ཕུ་བོ་ནི་ལུས་ལ་ཚེར་མ་བརྒྱ་ཕྲག་ཟུག་སྟེ་ན་ཟུག་དང་བཅས་ཤིང་སྡོང་དེའི་འགྲམ་དུ་འགྱེལ་ཡོད་པ་མཐོང་།།
ནུ་བོས་མྱུར་མོར་ཕུ་བོའི་འགྲམ་དུ་སོང་ནས་བརྩེ་བའི་ངང་ཚེར་མ་རེ་རེ་བཞིན་འདོན་འགོ་བརྩམས། ཚེར་མ་ཚང་མ་བཏོན་ཟིན་རྗེས་ཕུ་བོ་དེས་རང་ཉིད་ཀྱིས་སྔོན་མ་ནུ་བོར་བརྙས་བཅོས་བྱས་པ་ནོར་བ་ཤེས་ཏེ་དགོངས་དག་ཞུས་པ་རེད། ངོ་མཚར་ཆེ་བའི་ཤིང་སྡོང་གིས་ཕུ་བོ་དེའི་སེམས་ཀྱི་འགྱུར་ལྡོག་མཐོང་ནས་ཁོ་གཉིས་ལ་གསེར་གྱི་ཀུ་ཤུ་ཡོད་ཚད་ལེགས་སྐྱེས་སུ་སྤྲད་དོ།།
Comments