བཟའ་ཟླ་མོ།

བཟའ་ཟླ་མོ།

ཀ་མ་ལ་ལྟར་མཛེས་སྡུག་མི་ལྡན་ཡང་།།
ཁ་ངོ་སྐྱེས་འབྲས་ཅུང་ཙམ་མཚར་བ་ཞིག།
ག་བུར་བཞིན་དུ་དྲི་ཞིམ་མི་ལྡན་ཡང་།།
ང་ཡི་སེམས་ཀྱི་མེ་ཏོག་བཞད་ས་འོ།།

ཅ་ལེ་ཅོ་ལེའི་ཚིག་ངན་མི་སྒྲོག་ཅིང་།།
ཆ་ལུགས་ལྡན་པའི་ཞེ་ཚིག་ཅུང་ཙམ་སྨྲ།།
ཇ་དཀར་བཞིན་དུ་དཀར་འོད་མི་ལྡན་ཡང་།།
ཉ་གང་ཟླ་བའི་དོ་ཟླར་རན་ཙམ་ཞིག།

ཏཱ་ར་སྒྲོལ་མའི་ཀརུ་ཎཱ་མི་ལྡན་ཡང་།།
ཐ་མལ་མི་ཡི་བྱམས་སེམས་ལྡན་པ་ཞིག།
ད་ཏྲིག་སྨན་ལྟར་ནད་ངན་མི་སེལ་ཡང་།།
ན་ཆུང་སེམས་ཀྱི་རེ་སའི་སྨན་མཆོག་གཅིག།

པ་ཕ་ཨ་མའི་སྙིང་གི་ཐིག་ལེ་སྟེ།།
ཕ་མ་དྲིན་ཆེན་གཙུག་གི་ཏོག་ལྟར་བཀུར།།
བ་རེ་བོ་རེའི་རྣམ་འགྱུར་མི་ལྡན་ཞིང་།།
མ་ཡིས་བུ་ལ་བཞིན་དུ་བདག་ནི་སྐྱོང་།།

ཙ་གེ་ཙིག་གེའི་ལས་ཀྱི་དུ་ཁ་ན།།
ཚ་གྲང་སྡུག་གི་ཁུར་པོ་འཁུར་མཁས་མ།།
ཛ་དྲག་དུས་ལ་དངངས་པའི་སྲོལ་མེད་པ།།
ཝ་ལེར་སེམས་ཀྱི་དྲན་ཤེས་བསྟེན་མཁས་མ།།

ཞྭ་སེར་བསྟན་པའི་གཏིང་མཐའ་མི་དཔོག་ཀྱང་།།
ཟ་གྲོགས་ཡིན་མིན་ཀུན་ལ་མ་ལྟར་གཅེས།།
འ་རེ་འུར་རེའི་འཆོལ་གཏམ་མི་སྨྲ་ཞིང་།།
ཡ་ཁོག་ནང་དུ་སྙིང་ཆུང་ཡོད་པ་ཞིག།

ར་མ་ལུག་ལྟར་སྤྱོད་ཚུལ་མི་སྟོན་ཞིང་།།
ལ་རྒྱ་ཅན་གྱི་མིང་དོན་འཚམ་པ་ཞིག།
ཤ་ཉེའི་ཚོགས་ལ་ཡིད་ཀྱི་པད་མོ་དང་།།
ས་ཁཱི་དག་ལ་མིག་གི་ཨ་དརྴ།།

ཧ་ལོ་ཁྱོད་ནི་བདག་གི་སེམས་ཁམས་སུ།།
ཨ་མྲིཏ་བདུད་རྩི་བཞིན་དུ་བཞད་པ་ན།།
ཧ་ཅང་དུང་བ་ཟབ་པའི་ཚོར་ངད་ཀྱིས།།
ཨ་ཆུང་སེམས་ལ་བརྩེ་བའི་དྲོད་ཅིག་རྒྱས།།
༡༠༢༠།༠༤།༢༨ ཉིན།

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།