ཟིན་བྲིས་ཁག་གསུམ།


དགེ་རྒན་ཉིན་མོ།།

དགེ་བ་ཅི་བསགས་སོ་སོས་མི་ཤེས་བཞིན།།
དགེ་རྒན་ཟེར་བའི་མིང་ཚིག་ལྗིད་མོ་དེ།།
དགེ་སློང་དག་གིས་གཞན་དོན་སྒྲུབ་པ་ལྟར།།
དགེ་མིན་རིགས་ཀྱི་ཆེད་དུ་འཁུར་ནས་ཡོད།།

དགེ་རྒན་དམ་པ་རྣམས་ཀྱི་འོད་ཟེར་བརྒྱ།།
བདག་སེམས་ས་གཞིའི་སྟེང་དུ་འཕྲོས་པ་ལས།།
བདག་གིས་སྤོབས་པའི་གོན་པ་གྱོན་བྱས་ནས།།
མ་ནུས་ན་ཡང་འགན་འཁྲི་སྒྲུབ་པ་ཙམ།།

ཕྱི་ནས་རྒྱབ་སྐྱོར་མེད་པའི་སྨག་རུམ་དང་།།
ནང་དུ་འཐབ་རྩོད་ལྟ་བུའི་ངལ་བ་ཡིས།།
སྐབས་རེ་ཡིད་ཀྱི་དང་ག་འགགས་ན་ཡང་།།
བཟོད་པའི་ཞགས་པས་བཅིངས་ནས་ལོ་གསུམ་འགོར།།

ལན་རེར་དགའ་བའི་རྒྱུ་ཙམ་མཐོང་བ་ལས།།
མ་འོངས་འོད་ཟེར་འཕྲོ་ཞེས་འུར་སྟངས་ཀྱིས།།
རང་སེམས་རང་གིས་གསོ་བ་བྱིས་པའི་བློ།།
རང་རིག་རིགས་པས་དཔྱད་ན་དགོད་རེ་བྲོ།།

སྐབས་རེ་རང་གཤིས་ངན་པའི་དུག་རླངས་ཀྱིས།།
ཁྲལ་ཙམ་འཇལ་ན་སྙམ་པའི་བློ་ཤར་བ།།
ཁྱོད་ཀྱིས་བཅོས་མ་ལྟ་བུའི་གུས་ལུགས་འདིས།།
ཇི་ཙམ་ནུས་མེད་བཏང་བ་ཨེ་དྲན་ལགས།།

ཁ་བཏགས་དཀར་པོ་ཙམ་གྱི་འོད་ཟེར་དེས།།
བདག་ལ་བདེ་བའི་ཚོར་བ་སྦྱིན་བྱེད་ན།།
བདག་གིས་བཟང་པོའི་ཕྱོགས་སུ་ལམ་སྟོན་པ།།
ཁྱོད་ཀྱིས་འབད་པས་བསྒྲུབ་ན་ཅི་ལྟ་ཨང་།།

བདག་གིས་ཁྱོད་ལ་བཅངས་པའི་རེ་བ་ནི།།
རིགས་ཀྱི་བདག་པོ་ཙམ་ལ་དམིགས་ན་ཡང་།།
ཁྱོད་ཀྱིས་བདག་ལ་བརྩེ་བའི་ཆ་ལུགས་ཀྱིས།།
དེ་རིང་ཙམ་དུ་གུས་པ་ངོ་མཚར་ཨང་།།

རྨ་བྱ་ལྟ་བུའི་བྲོ་གར་རྩེན་བྱས་ནས།།
བདག་ལ་དགའ་བ་རྒྱས་པར་བྱས་པ་དང་།།
ཁ་ཟས་ཞལ་ཏོག་སྣ་མང་འདྲེན་བྱས་ནས།།
གུས་ཚུལ་འདི་ཙམ་སྟོན་པ་ཨེ་མ་སྨད།།

འདི་དག་ཡིད་ཀྱི་གཏིང་ནས་འབུད་གྱུར་ན།།
མ་འོངས་ལོ་ཟླར་མེ་ཏོག་འཆར་ངེས་པས།།
དེ་རིང་བདག་གི་སེམས་ལ་རེ་བ་ཡི།།
འཇའ་ཚོན་མཛེས་སྡུག་ཅན་ཞིག་སྒོམ་གྱིན་ལུས།།

ཆུང་ཆུང་ལུས་ཀྱི་སྟངས་སྟབས་མཉེན་མོ་ཡིས།།
རིགས་ཀྱི་བྲོ་གར་རྩེན་ནས་འཛུམ་པ་དང་།།
སྙན་སྙན་ངག་གི་འགྱུར་ཁུགས་སྙན་མོ་ཡིས།།
ཕ་སྐད་དབྱངས་ལ་འབུད་པ་བཀའ་དྲིན་ཆེ།།
༢༠༡༨།༠༩།༠༥ དགེ་རྒན་ཉིན་མོའི་མཛད་སྒོའི་སྐབས།

གྲོགས་མོ་ཞིག་ལ་སྤྲིངས་པ།

ཐག་རིང་རྒྱང་གི་གྲོགས་མོ།།
བདེ་མོ་སྐྱིད་མོ་ཨེ་ཡིན།།
བདག་ཀྱང་རྒྱ་གར་ཡུལ་ན།།
ལུས་སེམས་བདེ་བར་འཚོ་ཡོད།།

ཁྱོད་ལུས་མཛེས་པའི་མེ་ཏོག།།
བཞད་ཁ་ཕྱེ་བའི་མཐའ་ན།།
ཕོ་གསར་སྦྲང་བུའི་ཚོགས་ཀྱིས།།
བྲོ་གར་རྩེན་མཁན་ཨེ་ཡོད།།

གཅིག་པུར་ནུབ་གླིང་འགྲིམ་དུས།།
ཚོར་བ་སྡུག་ལ་ཨེ་སྦྱར།།
འདོད་པའི་མེ་ཏོག་འབར་ཡང་།།
སྡུག་སྒོམ་བྱེད་བཞིན་ཨེ་ཡོད།།

བདག་ཀྱང་ལྷོ་མཐའི་གྲོང་ན།།
ཁེར་རྐྱང་འཚོ་བ་སྐྱོང་བཞིན།།
ནུབ་ཕྱོགས་མེ་ཏོག་དམར་པོ།།
ནམ་བཞད་སྒུག་ནས་བསྡད་ཡོད།།

ན་ནིང་རྡ་སར་མཇལ་རྗེས།།
གྱེས་ཁའི་ཁ་ཆད་བྱས་པ།།
ཁྱེད་ཐུགས་ཟླ་བའི་དབུས་སུ།།
དྲན་པའི་རི་མོ་ཨེ་འདུག།

བདག་གི་དྲན་པའི་ཀློང་ན།།
མེ་ལྕེ་འབར་འབར་རེད་ཀྱང་།།
ལུས་ལ་གཤོགས་པ་མེད་པས།།
བྱ་ཐབས་མེད་པར་ལུས་སོང་།།

ཁྱོད་ཀྱི་དམར་ཆུང་སེམས་ལ།།
དམ་བཅའི་རི་མོ་ཨེ་བརྟན།།
ཞེན་ཆགས་ཡིད་ཀྱི་ཕུག་རོན།།
འདི་ན་འཕུར་གྱི་ཨེ་འདུག།

བདག་གི་ཚོར་བའི་མཁའ་ལ།།
ཁྱེད་རང་འཇའ་ཚོན་བཀྲ་ཞིང་།།
དྲན་པའི་ཚང་ཚིང་དབུས་སུ།།
ཁྱོད་རང་ལྷམ་མེར་བཞད་འདུག།

ནུབ་ཕྲོགས་བྲེལ་བའི་གྲོང་ནས།།
ཁྱུག་ཙམ་ཁོམ་པ་ཡོད་ན།།
ཁྱོད་རང་བདེ་མིན་འཚམ་མིན།།
འདི་ན་བྲི་རྒྱུ་མ་བརྗེད།།
༢༠༡༨།༠༨།༠༧ ནུབ་མོ།


ཐབ་རྡོ་གསུམ།

ངའི་ཁོར་ཡུག་ནི།
ཐབ་རྡོ་གསུམ་ལས་གྲུབ་ཡོད།
ཐབ་རྡོ་དེ་དག་ལ་མིང་ཚིག་རན་པོ་རེ་ཡོད་ཅིང་།
ཁྱད་ཆོས་ཀྱང་མི་འདྲ་བ་རེ་ལྡན་ཡོད།
ཨ་མེས་ཚོས་ཟེར་ན།
དེ་གསུམ་ཕ་མ་གཅིག་པའི་བུ་ཕྲུག་ཡིན་པས།
མཛའ་བརྩེ་དང་དུང་བ་ཟབ་མོ་ལྡན་ཟེར།
འོན་ཀྱང་། ད་ཆ་དེ་ཚོ་གནའ་གཏམ་ཙམ་དུ་གྱུར་འདུག
རྒྱུ་མཚན་ཡང་། ད་ཆ་ཐབ་རྡོ་གསུམ་པོས་ཁ་གཏད་དུ་ལངས་ཏེ།
ང་ཆེ་དང་ང་ཡག་གི་རྣམ་འགྱུར་སྟོན་ཞིང་།
ཁྱོད་ངན་དང་། ཁོ་ངན་ཞེས་ཡང་ཡང་རྩོད་ཀྱིན་ཡོད།
གནའ་བོ་ཞིག་ལ།
ཁོ་གསུམ་པོས་ནང་གི་ཁྱིམ་གཞིར་དྲོ་སྐྱིད་སྦྱིན་ཞིང་།
ཕྱི་ཡི་དགྲ་བོ་དག་མཉམ་གཅིག་ཏུ་བསྲེགས་མྱོང་སྐད།
འོན་ཀྱང་། ད་ཆ་ཡོད་ཚད་གྱུར་འདུག
གཏིང་རུམ་ནས་གྱུར་འདུག
སྐབས་ལ་ལར། ཁྱོད་ནར་མོ་དང་ང་སྒོར་སྒོར་ཞེས་རྩོད་ཅིང་།
མཚམས་རེར། ཁོ་གྲུ་བཞི་དང་ང་ཟུར་གསུམ་ཞེས་རྩོད།
རྩོད་རྩོད་མཐར། གཅིག་གིས་གཅིག་ལ་བལྟས་ནས་ཧད་དེ་ལུས་འགྲོ།
ཐབ་ཁུང་གི་འོག་རོལ་ན་རུལ་དྲི་འཐུལ་ཞིང་
ཕྱི་ཕྱོགས་ན་རྡོ་མཚོན་གྱི་དྲག་ཆར་གཟན་ཡང་།
ཁོ་གསུམ་ལ་ཁྱད་ཅི་ཡང་མེད་པ་ལྟར།
ནང་ཁུལ་ངར་ངར་དང་། རྫིག་རྫིག་བྱེད་ཅིང་།
ཕན་ཚུན་ལ་ཡི་ཆད་པའི་རྣམ་འགྱུར་རེ་སྟོན་པ་ཙམ་ལས།
གཞན་གྱི་ནུས་པ་ཡོད་ཚད་ནམ་མཁའ་ལ་འཇའ་ཡལ་བ་ལྟར་གྱུར་ཟིན།
དེར་བརྟེན། ད་ཆ་ཐབ་རྡོ་གསུམ་གྱི་མིང་ཚིག་གོ་ཐེངས་རེར།
ང་རང་ཡི་མུག་ཅིང་། ཁྲོ་ལང་གི
ཞེ་མེར་ཞིང་། སྐྱུག་ལྡང་གི
ད་དུང་། ངའི་ཁོར་ཡུག་ཐབ་རྡོ་གསུམ་གྱིས་ཅི་ཕྱིར་གྲུབ་ཞེས།
རང་གིས་རང་ལ་ཐེངས་མང་དྲིས་ཤིང་།
བློ་འགྱོད་ཚད་མེད་བསྐྱེད་མྱོང་།
༢0༡༨།༠༧།༢༧ མཚན་མོ།




Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།