དེ་རིང་གི་སྙན་ངག་ཚན་པ་གཉིས།



གོང་ས་མཆོག
           
ལོ་རྒྱུས་ཤིག་གི་བཞུར་རྒྱུན་ཁྲོད་དུ་མེ་ཏོག་བཞིན་དུ་འཁྲུངས།།
ཟེར་བརྒྱ་སྡུག་པོ་ཉིན་བྱེད་རྒྱན་དུ་སྟག་འཚེར་ཡུལ་ནས་འཚེར།།
མཛེས་སྡུག་ཅིག་གི་ཁུར་བུ་བསྣམས་ནས་དབུས་སུ་ཕེབས་པའི་དུས།།
དཀའ་དང་སྡུག་གི་ལམ་འཕྲང་སྟེང་ནས་སྐུ་ངལ་ཇི་ཙམ་མྱང་།།


ལྷ་ས་གཞོལ་གྱི་མི་ཚོགས་དཀྱིལ་ན་ཉི་འོད་བཞིན་དུ་བཞད།།
པོ་ཏ་ལ་ཡང་འོད་མདངས་ཤིག་གིས་མཁའ་ཡི་དབྱིངས་སུ་བསྐྱིལ།།
སྡེ་བ་གཞུང་གི་ཡིག་ཚང་ཞིག་པོར་ཕྱག་གི་འོད་སྤྲོ་དུས།།
ཆབ་སྲིད་རལ་པོའི་འཁྲུག་ཟིང་དཀྱིལ་ན་ཅི་ལྟར་མྱང་མྱོང་ཨང་།།

ནོར་བུ་གླིང་ཁའི་གཟིམ་ཆུང་ནང་ནས་ཞི་བའི་འོད་ཟེར་འཕྲོས།།
བརྗིད་ཆགས་སྐུ་ཡི་གཟི་བྱིན་དེ་ཡིས་ས་གཞི་འོད་ཀྱིས་བསྐྱོམས།།
བར་སྐོར་བརྟོལ་བའི་འུར་སྒྲའི་ཀློང་ནས་ཡོད་ཚད་བློས་བཏང་གིས།།
རྒྱང་བཞུད་ལམ་གྱི་གཏམ་རྒྱུད་འབྲི་དུས་ཚོར་བ་ཅི་ལྟར་བྱུང་།།

རྡ་སའི་ནགས་ཀྱི་ལ་ཁ་དེ་ནས་བྱམས་པའི་སྣང་བ་འབར།།
ཀུན་ལ་འཛུམ་པའི་ཞལ་ཁྱིམ་དྲོན་མོས་རིགས་དྲུག་བདེ་ལ་བསྐོས།།
ས་ཡ་དྲུག་གི་ཕུགས་འདུན་ཆེད་དུ་ཕྱོགས་བཞི་འགྲིམ་པའི་དུས།།
གྲོགས་མེད་མཁའ་ལ་གཅིག་པུར་ཤར་དུས་དཀའ་བ་ཅི་ལྟར་མྱང་།།

འཛམ་གླིང་འཛིན་མའི་དཀྱིལ་འཁོར་དེ་ན་ཁྱོད་རང་ལྷམ་ལྷམ་འཚེར།།
འོད་སྟོང་གཟི་བྱིན་ཀུན་ལ་འགྱེད་པས་སྣང་བའི་དབྱིངས་སུ་ཁྲིད།།
ཁེངས་དང་དྲེགས་པའི་མུག་ནག་བཅོམ་ནས་ཞི་བདེའི་འོད་སྦར་བས།།
གསེར་གྱི་རྟགས་མས་ཞབས་ལ་མཆོད་དུས་དགའ་བ་ཅི་ལྟར་རྒྱས།།

མུན་པའི་ནགས་སུ་བྱི་དོར་བྱེད་བཞིན་བཟང་པོའི་དཀར་ཆ་གཏོར།།
ང་རྒྱལ་འཐིབས་པའི་སྨག་རུམ་མཐུག་པོར་བརྩེ་བའི་སྐྱ་མདའ་གཏོང་།།
ཁེ་དང་གྱོང་གི་འགྲན་རྩོད་དུས་འདིར་བྱམས་པའི་ཟེར་སྦྱིན་མཁན།།
འཇིག་རྟེན་ཀུན་གྱིས་གཙུག་ཏུ་བཀུར་བ་ད་གཟོད་ཅི་འདྲ་ལགས།།
༢༠༡༨།༡༢།༡༠  ཉིན་ཤར་མར།


ནོ་བྷེལ་ཞི་བདེའི་གཟེངས་རྟགས།

སྟག་འཚེར་གྲོང་གི་ཕྲུ་གུ་ཆུང་ཆུང་ཞིག།
མགོ་ནག་མི་ཡི་རྗེ་རུ་བཀུར་ཤུལ་ནས།།
བརྩེ་བའི་དྲོད་ཀྱིས་རྗེས་སུ་བཟུང་བ་ལ།།
གསེར་གྱི་རྟགས་མ་ཕུལ་བའི་ལོ་རྒྱུས་བརྗིད།།

གཟན་ཤམ་དམར་པོ་ཅན་གྱི་དགེ་སློང་ཞིག།
ཤར་ནུབ་ཀུན་ལ་འཛུམ་གྱིས་བཞུད་ཤུལ་ན།།
བྱམས་པའི་འོད་ཟེར་འཕྲོས་པའི་མཛེས་སྡུག་ལ།།
གསེར་གྱི་རྟགས་མ་ཕུལ་བའི་ལོ་རྒྱུས་བསྟོད།།

ཕྱག་ཟུང་ཐལ་མོ་སྦྱར་བའི་དྲང་སྲོང་ཞིག།
གོ་ལར་ཞབས་ཀྱིས་བཅགས་པའི་རྗེས་ཤུལ་ན།།
ཞི་བའི་མེ་ཏོག་ཤར་བའི་མཛེས་སྡུག་ལ།།
གསེར་གྱི་རྟགས་མ་ཕུལ་བའི་ལོ་རྒྱུས་བསྔགས།།

དགེ་སློང་དཀྱུས་མ་ཞིག་གི་མཚན་བསྣམས་ནས།།
ཆིབས་ཁ་སྟོད་སྨད་ཀུན་ལ་བསྒྱུར་ཤུལ་ན།།
དགྲ་ལ་ཉེ་རིང་མེད་པའི་དཔལ་མངའ་བར།།
གསེར་གྱི་རྟགས་མ་ཕུལ་བའི་ལོ་རྒྱུས་རྨད།།
                           ༢༠༡༨།༡༢།༡༠ ཉིན། མོན་གྷོ་གཞིས་སྤྱི་ཚོགས་ཁང་ནས་མཛད་སྒོའི་སྐབས།།

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།