ཞུམ་པ།

             ཞུམ་པ།
             ༡
སྐལ་བ་བཟང་དུས།
མི་རྣམས་ཀྱིས་ནམ་མཁའ་ལ་ཕུར་འདུག
སྐབས་དེ་དུས་གཤོག་པ་མེད་ལ།
འཕྲུལ་ཆས་ཀྱང་མེད་པར་
ཁོ་ཚོས་རང་གི་ནུས་པས་ཕུར་ཟེར།
                  ༢
ང་ཚོ་ནི་དུས་རབས་ཀྱི་ལྕགས་དྲ་ལ་ཚུད་ཡོད།
ལྕགས་སྐུད་བར་ནས་ཕྱི་རོལ་ན།
ཅི་ཞིག་འབྱུང་གིན་པ་ཡང་མཐོང་གི་མེད་པས་
དེ་ཚོ་ལ་ཕྱིར་འདང་ཇི་ལྟར་བྱེད་དེ།
རྫུན་ཚིག་ཏག་ཏག་ལ་སེམས་ཀྱིན་ཡོད།
                ༣
ང་ཚོ་ནི་རྩེད་ཆས་མི་འདྲ་བ་བཞིན།
སུ་ཞིག་སྒོ་རའི་ནང་རྒྱུག་གིན་ཡོད་ལ་
ང་ཚོའི་མགོ་ཐོག་ན་གློག་སྐུད་མང་པོ་ཞིག
གཅིག་གིས་ཅིག་ལ་སྦྲེལ་བ་ལྟར།
དམར་ལྷེམ་ལྷེམ་འཁྱུག་གིན་འདུག
               ༤
ལྕགས་ཀྱི་གཤོག་པ་བཞོན་ནས།
རང་ཉིད་མཐོ་ས་ན་འཕུར་བར་སྙམ།
དབུགས་ཧལ་ཧལ་བྱེད་པ་ཙམ་ལས་
རང་ཉིད་ཀྱི་ནུས་པ་ཅི་ཡང་མ་བཏོན་པ་མ་ཚོར་རམ།
                ༥
ཁྱེད་ཚོ་ནི་འཕྲུལ་ཆས་ཁོ་ན་སྟེ།
གློག་རྒྱུན་གྱིས་གང་ལ་འཁྲིད་པ་དེར་འགྲོ་བའོ།
               ༦
ས་ཐོག་ན་ཁྱིམ་གཞི་དྲོན་མོ་ཞིག་ཡོད།
དེ་ན་མང་པོ་ཞིག་ཁྱོད་རང་སྒུག་ནས་ཡོད་ཨང་།
ཁོ་ཚོས་དམར་ཆེམ་ཆེམ་གང་ནས་འོང་ས་དེར་
འཛུམ་དམུལ་གྱིས་བསུ་བཞིན་ཡོད་ངེས།
                ༧
འཇིགས་སྐྲག་ནི་གནམ་ལ་འཕུར་བ་དེ་མ་རེད།
འཕུར་བྱེད་དེ་རང་ཉིད་མིན་པ་དེ་རེད།
                  ༨
སང་ཉིན་གློག་ཤུགས་ཡོད་ཚད་ས་ལ་འཐིམ་སོང་ནས།
དེ་རིང་གི་རེ་བ་ཡོད་ཚད་མེད་པོར་སོང་ན།
འཇིག་རྟེན་འདི་སྙིགས་སྒམ་ཆེན་པོ་ཞིག་རེད།
                 ༩
ཤེས་པ་དེ་ཚོ་གཡོ་འགུལ་མ་ཤེས་པར་ལུས་དུས།
བྱ་དེ་དང་ཕག་པ་དེ་ཚོས་འཕྱ་སྨོད་བྱེད་ངེས།
                ༡༠
ཉ་མོ་དེ་ཚོ་མཚོ་ཁ་ནས་ཅེར་སྟེ།
རྣམ་ཤེས་དེ་དག་ལ་ཁེངས་དགོད་བྱེད་ངེས།
                ༡༡
འགྲོ་བ་མི་ཟེར་བ་འདི་འདྲི་ཞིག་ཡིན་ན།
སྐྱེ་བ་ཕྱི་མ་ཡོད་པ་ལ་ཁྱད་འཕགས་ཅི་ཞིག་ཡོད།
               ༡༢
གཞུང་ལུགས་ན། གོ་ལ་འདི་
མཐའ་མ་མེ་ཡིས་འཇིག་པར་འགྱུར་ཟེར།

 ཁ་སང་མཁའ་གྲུའི་ནང་བྲིས་པ་དེ་རིང་ཅུང་བཅོས་ནས། ༢༠༡༨།༠༦༡༧  ཉིན།

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།