ཅི་མི་རུང་།
ཉི་གཞོན་མཁའ་ལ་འཕྱོ་བ་མ་མཐོང་གོང་།།
རླུང་བུའི་འུར་སྟངས་ཤིག་ཀྱང་མ་བསླེབ་སྔོན།།
ཤིང་གི་ཡལ་ག་ལྟ་བུའི་ལུས་བླངས་ནས།།
ཚོར་བས་དབེན་པར་བྱས་ན་ཅི་མི་རུང་།།
རྩ་རྩེའི་ཟིལ་པ་གོར་མོ་མ་བསྐམ་གོང་།།
ཆུ་ཡི་རླབས་ཀྱང་རླངས་པར་མ་འགྱུར་སྔོན།།
བྱུ་རུ་མུ་ཏིག་ལྟ་བུའི་ལུས་བླངས་ནས།།
ཀུན་ལ་དགའ་བ་བྱིན་ན་ཅི་མི་རུང་།།
མཁའ་ལ་ལྕགས་ཀྱི་བྱ་རྒྱལ་མ་འཕུར་གོང་།།
ས་ལ་ལྕགས་སྒམ་ནག་མོ་མ་རྒྱུ་སྔོན།།
ལམ་གྱི་རྡོ་བ་ལྟ་བུའི་ལུས་བླངས་ནས།།
འཇིགས་པས་དབེན་པར་ཉལ་ན་ཅི་མི་རུང་།།
ས་ཁར་གྲོག་མ་ཟས་ལ་མ་བརྒྱུག་གོང་།།
མི་རྣམས་རྩོད་པའི་ལས་ལ་མ་ཞུགས་སྔོན།།
རིན་ཆེན་གསེར་དངུལ་ལྟ་བུའི་ལུས་བླངས་ནས།།
ཀུན་གྱི་འདོད་དོན་བསྒྲུབས་ན་ཅི་མི་རུང་།།
གྲོང་རྣམས་ཤན་པའི་ལམ་ལ་མ་ཞུགས་གོང་།།
ཕྱུགས་རྣམས་གཡོག་པོའི་ལས་ལ་མ་འཐོན་སྔོན།།
ཚང་ཚིང་སྟུག་པོ་ལྟ་བུའི་ལུས་བླངས་ནས།།
སྙིང་རྗེས་དབེན་པར་ཉལ་ན་ཅི་མི་རུང་།།
ས་གཞིའི་ཁ་དོག་ངན་པར་མ་སོང་གོང་།།
བར་སྣང་ཡོངས་སུ་ཐལ་བས་མ་བསྒྲིབ་སྔོན།།
ཆུ་ཡི་ཐིགས་པ་ལྟ་བུའི་ལུས་བླངས་ནས།།
མཛེས་སྡུག་ཞལ་ངོ་བཀྲུས་ན་ཅི་མི་རུང་།།
སྤྲིན་གྱི་ཚོམ་བུའི་ཐུག་སྒྲ་མ་ལྡིར་གོང་།།
ནམ་མཁའི་གློག་གི་མདའ་མོ་མ་འཕེན་སྔོན།།
རི་རྩེའི་བྲག་རྡོ་ལྟ་བུའི་ལུས་བླངས་ནས།།
གཡོ་འགུལ་དབེན་པར་ཉལ་ན་ཅི་མི་རུང་།།
2018/06/07 ཉིན། རིགས་གྲོལ།
Comments