སྒྲུང་ཐུང་བོད་སྒྱུར་མ། (༤༥ - ༥༠)
༤༦) གླང་ཆེན་དང་ཁྱི།
ཉིན་ཞིག། རྒྱལ་པོའི་གླང་ཆེན་གླང་རྫིས་སྟེར་བའི་རི་བོ་ལྟ་བུའི་རྩ་ཕུང་ཟ་བཞིན་ཡོད་པའི་སྐབས། སེམས་ཅན་ཞིག་གི་བཀྲེས་ལྟོགས་ཀྱི་ངུ་སྐད་ཐོས་པ་རེད།
དེ་ནི་ཁྱི་ཞིག་ཡིན་ཞིང་། དེས་གླང་རྫིའི་སྡེར་མའི་ནང་གི་ཟས་ལྷག་ལྡག་བཞིན་ཡོད་པ་དང་། གླང་རྫི་དེ་དེར་མཐོང་སར་མེད།
སྐབས་དེནས་གླང་ཆེན་དེ་ཉིན་ལྟར་སྤྱིལ་བུའི་ནང་དུ་སྡོད་ཀྱི་ཡོད་རུང་། ཁྱི་དེ་ཡོང་ནས་གླང་རྫིའི་ཟས་ལྷག་ལྡག་པ་དང་གཉིད་ཉལ་བ་སོགས་བྱས་པར་དགག་བྱ་མ་བྱས།
དེར་བརྟེན་མི་རིང་བར་ཁོ་གཉིས་གྲོགས་པོ་བཟང་པོར་གྱུར་ནས་མཉམ་དུ་རྩེད་མོ་རྩེ་བར་བྱེད། ཐ་ན་གླང་རྫིས་ཀྱང་དགག་བྱ་མ་བྱས།
ཉིན་གཅིག་ཞིང་པ་ཞིག་ལམ་དེ་ནས་འགྲོ་སྐབས་ཁྱི་དེ་མཐོང་བས། ཁོ་པས་ཁྱི་དེ་འཁྲིད་ན་ཆོག་མིན་དྲིས་པ་ན།
གླང་རྫིས་དགའ་པོའི་ངང་ནས་ངོས་ལེན་བྱས་ཏེ་ཁྱི་དེ་ཞིང་པར་སྤྲད་པ་རེད།
མི་རིང་བར་རྒྱལ་པོའི་གླང་པོས་ཟས་ཟ་མཚམས་བཞག་པ་དང་། ཆུ་འཐུང་མཚམས་བཞག །ཐ་ན་སྤྱིལ་བུ་ནས་ཕྱི་ལ་འགྲོ་སྐྱོད་བྱེད་མཚམས་ཀྱང་བཞག་པ་རེད།
དེ་ལྟར་ན་རྒྱལ་པོས་གླང་ཆེན་ལ་ལྟ་རྟོག་བྱེད་དུ་ཡོང་ཞིང་། བླ་སྨན་བོས་ནས་གླང་ཆེན་ལ་བརྟག་དཔྱད་བྱེད་དུ་བཅུག
བླ་སྨན་པས་བརྟག་དཔྱད་བྱས་རྗེས། “རྒྱལ་པོ་རིན་པོ་ཆེ། གླང་ཆེན་གྱི་ལུས་པོ་བདེ་ཐང་རེད་འདུག །འོན་ཀྱང་སེམས་ལ་སྡུག་བསྔལ་ཞིག་བྱུང་བ་འདྲ། བལྟས་ཡོང་ན་གྲོགས་པོ་ཞིག་དང་ཁ་གྱེས་པའི་སྡུག་བསྔལ་ཡིན་བཟོ་འདུག” །ཅེས་ཞུས།
རྒྱལ་པོས་འཕྲལ་དུ་གླང་རྫི་བོས་ནས་དེའི་སྔོན་ལ་དོན་དག་ཅི་ཞིག་བྱུང་མིན་དྲིས།
གླང་རྫིས། “ རྒྱལ་པོ་རིན་པོ་ཆེ། དེ་སྔོན་ཁྱི་ཞིག་འདི་ན་ཉིན་ལྟར་ཡོང་གི་འདུག །ངས་དེ་ཞིང་པ་ཞིག་ལ་སྤྲད་པ་ཡིན།” ཞེས་ཞུས།
རྒྱལ་པོས་དེ་མ་ཉིད་དུ་སྲུང་དམག་ཅིག་གླང་རྫི་དང་ལྷན་དུ་བཏང་ནས་ཁྱི་དེ་རང་འཇགས་འཁྲིད་ཡོང་རྒྱུར་མངགས།
ཁོ་གཉིས་ཁྱི་དེ་ཁྲིད་ནས་གླང་ཆེན་གྱི་སྤྱིལ་བུའི་ནང་དུ་སླེབས་མ་ཐག་གླང་ཆེན་དེ་ཡར་ལངས་ནས་ཁོ་པའི་གྲོགས་པོ་ཆུང་ཆུང་དེའི་སར་ལྟ་རུ་སོང་བ་དང་། ཁ་ནས་དགའ་བའི་སྒྲ་ཞིག་བསྒྲགས།
ཉིན་དེ་ནས་ཁྱི་དང་གླང་ཆེན་གཉིས་ཁ་བྲལ་ཐབས་མེད་པའི་གྲོགས་པོར་གྱུར་རོ།།
༤༧) ཉ་མོ་གསུམ།
ཆུ་ཕྲན་ཆུང་ཆུང་ཞིག་གི་ནང་དུ་ཉ་མོ་གསུམ་གནས་ཡོད། ཉ་རེ་རེའི་ཁ་དོག་མི་འདྲ་སྟེ། གཅིག་དམར་པོ་དང་། གཅིག་སྔོན་པོ། གཅིག་སེར་པོ་རེད། འོན་ཀྱང་གནད་དོན་ཇི་འདྲ་ཞིག་གིས་ཀྱང་ཁོ་ཚོ་ཁག་ཁག་ཏུ་གཏོང་ཐུབ་ཀྱི་མེད།
ཉིན་ཞིག་ཉ་སྔོན་པོ་དེ་ཆུ་བོ་ཁ་འགྲམ་དུ་ཆུ་རྐྱལ་བྱེད་པའི་སྐབས། ཉ་པ་རྣམས་ཀྱིས། “འོ། ད་ལྟ་ཆུ་ཕྲན་ནང་ཉ་འཛིན་པའི་དུས་རེད། ཆུ་བོའི་ནང་གི་ཉ་རྣམས་འདི་ན་ཟ་མ་འཚོལ་དུ་ཡོང་དུས་རེད། སང་ཉིན་ང་ཚོ་ཉ་གཟུང་དུ་འགྲོ་དགོས།” ཞེས་བཤད་པ་ཐོས།
ཉ་སྔོན་པོ་དེ་སེམས་ཁྲལ་དང་བཅས་མྱུར་དུ་རོགས་པ་གཞན་གཉིས་ཀྱི་སར་ལོག
“ཉོན་དང་། ཉོན་དང་། ངས་ཉ་པ་རྣམས་ཀྱིས་སྐད་ཆ་བཤད་པ་ཐོས་བྱུང་། ཁོ་ཚོས་སང་ཉིན་ཆུ་ཕྲན་འདིའི་ནང་ཉ་འཛིན་རྒྱུའི་འཆར་གཞི་སྒྲིག་གི་འདུག །ང་ཚོས་སང་ཉིན་ངེས་པར་དུ་ཆུ་བོ་གཏིང་ཟབ་ས་དང་བཙན་ས་ཞིག་ཏུ་ཡིབ་དགོས་ངེས།” ཞེས་པ་སྨྲས་པ་ན།
“འོ། དེ་ལྟར་ན་ཡང་སྐྱོན་ཡོད་མ་རེད། ང་རང་མྱུར་རྩལ་ཆེ་བས་ཁོ་ཚོས་འཛིན་ཐུབ་རྒྱུ་མ་རེད། ད་དུང་ང་ཚོ་ལ་འདི་ན་ཟས་རིགས་ཕུན་སུམ་ཚོགས་པོ་ཡང་ཡོད་པས། འདི་ནས་ཇི་ལྟར་འགྲོ།” ཉ་དམར་པོས་དེ་ལྟར་སྨྲས།
ཉ་སྔོན་པོས་ “འོན་ཀྱང་། ང་ཚོས་ཉིན་གཅིག་རིང་འདི་ནས་གཡོལ་ཙམ་བྱ་དགོས་ངེས།” ཞེས་བཤད།
ཉ་སེར་པོས་“ང་ཡང་ཉ་སྔོན་པོས་བཤད་པ་ལ་རྒྱབ་སྐྱོར་ཡོད། འདི་ང་ཚོའི་ཁྱིམ་རེད། འོན་ཀྱང་ང་ཚོས་སོ་སོའི་བདེ་འཇགས་ལ་ཡང་གཟབ་གཟབ་བྱ་དགོས།” ཞེས་སྨྲས།
ཁོ་གཉིས་ཀྱིས་ཐབས་བརྒྱ་ཇུས་སྟོང་གིས་གྲོགས་པོའི་བློ་འགུག་ཐབས་བྱས་ཀྱང་འགུག་མ་ཐུབ།
ཕྱི་ཉིན་ཞོགས་པ། ཉ་པ་རྣམས་ཀྱིས་དྲ་བ་ཆུའི་ནང་གཡུགས་ནས་ཉ་མང་པོ་བཟུང་། ཉ་ལ་ལ་ནི་ལྗང་མདོག་དང་། ལ་ལ་ཚ་ལུ་མའི་མདོག །ལ་ལ་ནི་དཀར་པོ་ཡིན་ལ། ལ་ལའི་ཁ་དོག་ནི་ཚོན་དོག་སྣ་མང་ཅན་ཡིན། དེའི་ནང་དུ་ཉ་དམར་པོ་གཅིག་ཡོད།
“དེ་རིང་ཉ་མང་པོ་བཟུང་ཐུབ་སོང་ངོ་།།” ཉ་པ་རྣམས་ཀྱིས་ཉིན་གང་ཉ་བཟུང་རྗེས་དེ་ལྟར་སྐད་བརྒྱབ།
ཉ་སེར་པོ་དང་སྔོན་པོ་གཉིས་ཕྱིར་འཁོར་རྗེས་ཁོ་གཉིས་ཀྱི་གྲོགས་པོ་ཉ་པ་རྣམས་ཀྱིས་བཟུང་ཟིན་པ་རྟོགས་པས་སེམས་པ་ཧ་ཅང་སྐྱོ་ནས་ལུས་པ་ལས་བྱ་ཐབས་གང་ཡང་མ་བྱུང་ངོ་།།
༤༨) ཏེ་ན་ལི་ར་མ་དང་རྐུན་མ།
ཝི་ཇེ་ཡ་ན་ག་ར་ལ་ཉེ་ཆར་རྐུ་མའི་དོན་རྐྱེན་མང་པོ་བྱུང་བ་རེད། རྒྱལ་པོ་དེ་བ་ར་ཡ་གནད་དོན་དེ་ཚོའི་ཐོག་ཐུགས་ཁྲལ་ཆེན་པོ་གནང་གི་ཡོད།
ཏེ་ན་ལི་ར་མས་གཙོས་པའི་ཕོ་བྲང་ནང་ཡོད་པའི་བློན་པོ་ཚང་མ་དེའི་ཐོག་སེམས་ཁྲལ་བྱེད་བཞིན་ཡོད་པ་འདྲ།
དགོང་དྲོ་ཞིག་ཏེ་ན་ལི་ར་མ་ཕོ་བྲང་ནས་རང་ཉིད་ཀྱི་ཁྱིམ་དུ་ལོག་བཞིན་པའི་སྐབས། ལམ་བར་ནས་ལྡུམ་རའི་ནང་ཁྲོམ་པའི་འགྲམ་གྱི་ཨ་མྲའི་སྡོང་པོ་ཆེན་པོ་དེའི་རྒྱབ་ཏུ་མི་གཉིས་ཡིབ་ནས་བསྡད་ཡོད་པ་མཐོང་།
ཁོ་པ་ཁྱིམ་དུ་འབྱོར་རྗེས་ངས་ངེས་པར་དུ་ཁོ་ཚོར་སྣ་སུན་ཞིག་སྤྲོད་དགོས་སྙམ།
དེ་ནས་ཁོ་པས་སྐད་སང་མཐོན་པོས་རྐུ་མ་རྣམས་དངངས་སྐྲག་སྐྱེ་རུ་བཅུག་ཆེད། རང་ཉིད་ཀྱི་ཆུང་མར་བཤད་པའི་སྐད་ཆ་ཁོ་ཚོར་གོ་རུ་བཅུག་སྟེ།
“ང་ཚོའི་རྒྱན་ཆ་རྣམས་ཁྱིམ་དུ་ཉར་ཚགས་བྱས་ན་བདེ་འཇགས་མི་འདུག །དེ་བས་ཁྱེད་ཀྱིས་རྒྱན་ཆ་ཚང་མ་ལྕགས་ཀྱི་སྒམ་ནང་དུ་བླུགས་དང་། ང་ཚོས་བརྟན་ཆའི་ཆེད་ཁྲོམ་པའི་ནང་དུ་སྦས་ཆོག།” ཅེས་བཤད།
ཇག་པ་ཚོས་གླེན་རྟགས་ཆེ་བའི་འཆར་གཞི་དེ་ཐོས་ནས་ང་ཤོར་ཁོ་ཤོར་བྱེད་སྐབས། ཏེ་ན་ལི་ར་མ་ཡིས་སྐད་དམའ་བོས་རང་གི་ཆུང་མར་རྐུན་མ་འགའ་ཁོ་ཚོའི་ལྡུམ་རའི་ནང་ཡིབ་ནས་བསྡད་ཡོད་ཚུལ་དང་། ལྕགས་ཀྱི་སྒྲོམ་བུ་དེའི་ནང་རྡོ་ཧྲུག་དང་རྫ་མས་འགེང་དགོས་ཚུལ་བཤད།
སྒྲོམ་བུ་བཀང་ཟིན་རྗེས་ཁོ་པ་དང་ཆུང་མས་ལྕགས་སྒམ་དེ་ཐེན་ནས་ཁྲོན་པའི་ནང་གཡུགས།
དེ་ནས་ཁོ་པས་སྐད་གསེང་མཐོན་པོས་ཆུང་མར་ “འདི་ན་བདེ་འཇགས་ཡོང་ངེས་རེད།” ཅེས་སྨྲས།
རྐུན་མ་གཉིས་པོས་ཏེ་ན་ལི་ར་མའི་ཁྱིམ་མི་ཚང་མ་གཉིད་པར་སྒུག །
དེ་རྗེས་ཇག་པ་གཉིས་རེས་མོས་ཀྱིས་ཁྲོན་པའི་ཆུ་ཕྱིར་འདོན་འགོ་བརྩམས།
ཁོ་གཉིས་ཀྱི་སྤྲོ་སྣང་དེ་ཡུན་རིང་རྗེས་ཐང་ཆད་པའི་ཚོར་སྣང་དུ་གྱུར་ནས་ངལ་གསོ་བྱེད་བཞིན་པ་ན།
མི་ཞིག་གིས། “ ད་འགྲིག་འདུག །ལྡུམ་རར་ཆུ་བཏབ་ཟིན་འདུག །དེ་རིང་ཁྱོད་གཉིས་ཀྱིས་ལས་དོན་བཟང་པོ་ཞིག་བསྒྲུབས་པ་རེད།” ཅེས་བཤད།
ཇག་པ་གཉིས་པོས་ཕྱོགས་བཞིར་བལྟས་པ་ན་ཏེ་ན་ལི་ར་མ་ཡིས་ལྕགས་ཁེམ་ཞིག་དང་དབྱུག་པ་ཞིག་བཟུང་ནས་ཁོ་གཉིས་ཀྱི་མདུན་དུ་ལངས་ཡོད་པ་མཐོང་།
ཇག་པ་གཉིས་དངངས་སྐྲག་ཆེན་པོ་སྐྱེས་ཏེ། ཡར་ལངས་ནས་སྐད་ཅིག་ལ་དེ་ནད་བྲོས་སོང་བ་རེད།
ཉིན་དེ་ནས་བཟུང་ཝི་ཇེ་ཡ་ན་ག་རའི་མི་མང་གི་ཁྲོད་རྐུ་མའི་དོན་རྐྱེན་ཡར་ཞུ་བྱེད་མཁན་རྩ་བ་ནས་མ་བྱུང་ངོ་།།
༤༩) ཨ་ལད་པད་ཀོ།
ཉིན་ཞིག །རྒྱལ་པོ་ཀྲི་ཤ་ན་དྷེ་བ་ར་ཡའི་ཕོ་བྲང་དུ་ཚོང་པ་ཞིག་སླེབས་ཤིང་། ཁོ་པས་ཝི་ཇི་ན་གར་གྱི་བློན་འཁོར་རྣམས་ལ་ཚོད་བགམ་ཞིག་བྱ་དགོས་སྙམ་པ་རེད།
ཚོང་པས་“རྒྱལ་པོ་ཆེན་པོ་ལགས། བདག་གིས་གོ་ཐོས་ལྟར་ན་ཁྱེད་ཀྱི་བློན་འཁོར་རྣམས་རིག་རྩལ་ཆེན་པོ་ཡོད་བཟོ་འདུག །དེ་རིང་བདག་གིས་ཁོ་ཚོ་ལ་ཉམས་ཚོད་ཅིག་བླངས་ན་ཨེ་འགྲིག” ཅེས་ཞུས།
རྒྱལ་པོས་སྤོབས་པ་དང་བཅས་ཚོང་པ་ལ་གནང་བ་སྤྲད་པ་ན། ཚོང་པས་“འདི་ན་ངས་བཟོས་པའི་ཨ་ལད་པད་ཀོ་གསུམ་ཡོད། འདི་དག་ཚང་མ་ཧོབ་ཏེ་བལྟས་ན་གཅིག་མཚུངས་ཡིན། འོན་ཀྱང་ཚང་མ་ཕན་ཚུན་མི་འདྲ། བློན་ཆེན་ཚོས་མི་འདྲ་བའི་ཆ་དེ་འཚོལ་དགོས། ང་ཉིན་སུམ་ཅུའི་རྗེས་སུ་ཡོང་རྒྱུ་ཡིན།” ཞེས་ཞུས་ནས་ཕྱིར་ཕྱིན།
རྒྱལ་པོས་བློན་པོ་རྣམས་བོས་ནས་ཨ་ལད་པད་ཀོ་གསུམ་པོའི་མི་འདྲ་བའི་ཆ་རྣམས་འཚོལ་དགོས་པའི་བཀའ་གནང་། ཉིན་མོ་རེ་རེ་བཞིན་རྫོགས་ནས་ཟླ་བ་གཅིག་ཟིན། འོན་ཀྱང་བློན་པོ་གཅིག་གིས་ཀྱང་ལན་མ་རྙེད།
ཀྲི་ཤ་ན་དྷེ་བ་ར་ཡིས་རང་ཉིད་ཀྱིས་ཡིད་ཆེས་ཆེ་ཤོས་བྱ་ས་ཏེ་ན་ལི་ར་མ་བོས་ནས་དེ་དག་གི་ཁྱད་པར་འཚོལ་དགོས་པའི་བཀའ་བཏང་། ཏེ་ན་ལི་ར་མ་ཡིས་ཀྱང་ཁྱད་པར་འཚོལ་མ་ཐུབ། དེར་བརྟེན་ཁོ་པས་རྒྱལ་པོ་ལ་ཨ་ལད་པད་ཀོ་རྣམས་རང་ཁྱིམ་དུ་འཁྱེར་འཇུག་རྒྱུར་གནང་བ་ཞུས།
ཁོ་པས་ཁྱད་པར་འཚོལ་རྒྱུའི་ཆེད་མུ་མཐུད་ལྟ་ཞིབ་ནན་མོ་དང་། ཐབས་བརྒྱ་བྱུས་སྟོང་བཏང་། འོན་ཀྱང་ཅུང་མ་འགོར་བར་ཚོང་པ་འོང་བའི་དུས་ཟིན།
རྒྱལ་བློན་དང་ཚོང་པ་བཅས་ཚང་མ་རྒྱལ་ཁང་དུ་འཛོམས་ཟིན་རྗེས། ཏེ་ན་ལི་ར་མ་ཡིས། “བདག་གིས་ཨ་ལད་པད་ཀོ་དེ་དག་གི་ཁྱད་པར་ཤེས་སོང་། དེ་དག་ལས་གཅིག་བཟང་། གཅིག་སྤྱིར་བཏང་བ་ཞིག་རེད། གཅིག་ནི་རྩ་བ་ནས་མི་བཟང་།” ཞེས་བཤད།
དེ་འདྲ་ཇི་ལྟར་སྲིད་དམ། ཚང་མ་ཧ་ལས་པར་གྱུར།
“ཁྱོད་ཀྱིས་དོན་དག་དེ་ཇི་ལྟར་ཤེས་སོང་ངམ། ང་ཚོར་སྟོན་དང་།” རྒྱལ་པོས་བཀའ་བཏང་།
ཏེ་ན་ལི་ར་མ་ཡིས་ཨ་ལད་པད་ཀོ་རེ་རེའི་རྣ་བར་ཡོད་པའི་ཁུང་བུ་ཆུང་ཆུང་དག་བསྟན་རྗེས། ཁུང་བུ་དེ་དག་ལ་སྐུད་པ་ཕྲ་མོ་རེ་རེ་བཅུག
ཨ་ལད་པད་ཀོ་དང་པོ་དེའི་སྐུད་པ་རྣ་བརྒྱུད་ནས་ཁ་ནས་ཕྱིར་ཐོན་ཞིང་། ཨ་ལད་པད་ཀོ་གཉིས་པའི་སྐུད་པ་རྣ་བ་གཡས་པ་བརྒྱུད་གཡོན་ནས་ཐོན། ཨ་ལད་པད་ཀོ་གསུམ་པའི་སྐུད་པ་རྣ་བ་བརྒྱུད་ནས་ཕྱིར་ཐོན་མོད། འོན་ཀྱང་སེམས་གཏིང་དུ་ཕྱིན་ཡོད་པ་རེད།
“ཨ་ལད་པད་ཀོ་དང་པོ་དེ་རྩ་བ་ནས་མི་བཟང་བའི་རྒྱུ་མཚན་ནི། དེས་གསང་བ་དམ་སྲུང་བྱེད་མི་ཐུབ་པའི་མི་སྐྱེ་བོ་དག་མཚོན་གྱི་ཡོད་པས་རེད། ཨ་ལད་པད་ཀོ་གཉིས་པ་དེ་སྤྱིར་བཏང་ཡིན་པའི་རྒྱུ་མཚན་ནི། དེས་རང་ཉིད་ལ་བཤད་པའི་སྐ་ཆའི་གོ་བ་ལེན་མི་ཐུབ་པའི་ཆེས་སྤྱིར་བཏང་གི་སྐྱེ་བོ་དག་མཚོན་པས་རེད། ཨ་ལད་པད་ཀོ་གསུམ་པ་དེ་ཧ་ཅང་བཟང་བའི་རྒྱུ་མཚན་ནི་དེས་གསང་བ་དམ་སྲུང་ཐུབ་མཁན་གྱི་སྐྱེ་བོ་དག་མཚོན་གྱི་ཡོད་པས་རེད།” ཅེས་ཏེ་ན་ལི་ར་མས་འགྲེལ་བརྗོད་བྱས།
ཚང་པའི་སེམས་ལ་འཐད་པར་གྱུར།
“འོན་ཀྱང་། ཕྱོགས་གཞན་ཞིག་ནས་འགྲེལ་བཤད་བྱས་ན། ཨ་ལད་པད་ཀོ་དང་པོ་དེ་ཧ་ཅང་བཟང་། རྒྱུ་མཚན་ནི་དེས་ཤེས་བྱ་འཚོལ་སྒྲུབ་བྱེད་པ་ད་་ལྷན་མི་གཞན་ལ་ཡང་སློབ་པར་བྱེད་པའི་སྐྱེ་བོ་དག་མཚོན་གྱི་ཡོད་པས་རེད། ཨ་ལད་པད་ཀོ་གཉིས་པ་དེ་སྤྱིར་བཏང་ཞིག་རེད། རྒྱུ་མཚན་ནི་དེས་རང་ཉིད་ལ་ཅི་ཞིག་བསླབས་པའི་དོན་དག་རྣམས་རྟོག་མི་ཐུབ་པའི་སྐྱེ་བོ་དག་མཚོན་པས་རེད། ཨ་ལད་པད་ཀོ་གསུམ་པ་དེ་རྩ་བ་ནས་མི་བཟང་། རྒྱུ་མཚན་ནི་ཤེས་བྱ་འཚོལ་བཞིན་ཡོད་ཀྱང་རང་ཉིད་ཙམ་ལས་མི་གཞན་ལ་མི་སྤྲོད་པའི་སྐྱེ་བོ་ངན་པ་དག་མཚོན་བཞིན་ཡོད་པས་རེད།” ཏེ་ན་ལི་ར་མས་དེ་ལྟར་བསྐྱར་དུ་འགྲེལ་བཤད་བྱས་ན། དེར་ཡོད་རྒྱལ་བློན་ཚང་མ་ཅི་ཡང་སྨྲ་མི་ནུས་པར་ལུས་སོ།།
༥༠) ཏེ་ན་ལི་ར་མ་དང་རྟ་ཚོང་མཁན།
རྒྱལ་པོ་ཀྲི་ཤ་ན་དྷེ་བ་ར་ཡ་རྟ་ལ་ཧ་ཅང་དགའ་པོ་ཡོད་ཅིང་། རྟ་རའི་ནང་རྟའི་རིགས་ཡག་ཤོས་འགའ་འཚོལ་སྡུད་བྱས་ནས་ཉར་ཡོད། ཐེངས་ཤིག་ཨ་རབ་ཁུལ་ནས་ཡོང་བའི་རྟ་ཚོང་མཁན་ཞིག་རྒྱལ་ཁང་དུ་སླེབས་ནས་རྒྱལ་པོར་ཨ་རབ་ཀྱི་རྟའི་རིགས་ཧ་ཅང་ཡག་པོ་ཞིག་བཙོང་རྒྱུ་ཡོད་རབས་ཞུས་ཤིང་། རྒྱལ་པོ་གདན་དྲངས་ནས་ཁོ་པས་མཉམ་དུ་ཁྲིད་ཡོད་པའི་རྟ་དེར་གཟིགས་སུ་བཅུག་ནས། “གལ་ཏེ་རྒྱལ་པོ་མཆོག་ཐུགས་མཉེས་ན། བདག་གིས་རྟ་གཞན་རྣམས་འཁྲིད་ཡོང་ཆོག” །ཅེས་ཞུས་པ་རེད།
རྒྱལ་པོ་རྟ་དེ་མཐོང་བ་དང་རབ་ཏུ་མགུ་ནས་རྟ་གཞན་རྣམས་ཀྱང་ཉོ་རྒྱུ་ཐག་བཅད་དེ། གསེར་སྒོར་ ༥༠༠༠ ཐམ་པ་སྔ་འདོན་དུ་གནང་བ་རེད། ཚོང་པ་དེས་རྟ་གཞན་རྣམས་ཉིན་གཉིས་ཀྱི་ནང་ཚུན་རྒྱལ་པོར་ཕུལ་ཚར་བ་ཞུ་རྒྱུ་ཁས་བླངས་ཏེ་ཕྱིར་ལོག
ཉིན་གཉིས་འདས། ཉིན་བཞི་འདས། ཐ་ན་གཟའ་འཁོར་གཉིས་ཀྱང་འདས་སོང་། འོན་ཀྱང་ཚོང་པ་དེ་ད་དུང་ཕྱིར་མ་ཡོང་། རྒྱལ་པོ་སེམས་ཁྲལ་ཇེ་ཆེ་ནས་ཇེ་ཆེར་གྱུར། དགོང་མོ་ཞིག་ལ་རྒྱལ་པོ་ཐུགས་སེམས་ལྷོད་ལ་འབབ་རྒྱུའི་ཆེད་མེ་ཏོག་ལྡུམ་རའི་ནང་འཆམ་འཆམ་དུ་སོང་། སྐབས་དེར་རྒྱལ་པོས་ཏེ་ན་ལི་ར་མ་ཡིས་ཤོག་བུ་ཞིག་གི་ཐོག་ཅི་ཞིག་འབྲི་བཞིན་པ་གཟིགས། རྒྱལ་པོ་ཁོའི་འགྲམ་དུ་ཕེབས་ནས་ “ཁྱོད་ཀྱིས་ཅི་ཞིག་འབྲི་བཞིན་ཡོད་དམ།”ཞེས་བཀའ་འདྲི་གནང་། འོན་ཀྱང་ལན་མ་ཐོབ། རྒྱལ་པོས་གོམ་གང་མདུན་དུ་སྤོས་ནས་ཡང་བསྐྱར་དྲིས། ཏེ་ན་ལི་ར་མ་ཡིས་མགོ་བོ་ཡར་བཀྱགས་ནས་རྒྱལ་པོ་ལ་“བདག་གིས་ཝི་ཇེ་ཡ་ན་གར་རྒྱལ་ཁབ་ཀྱི་མི་སྣ་ཆེས་གླེན་ལྐུགས་ཅན་དག་གི་མིང་ཐོ་འབྲི་བཞིན་ཡོད།” ཅེས་ཞུས།
རྒྱལ་པོས་ཁོའི་ལག་ནས་ཤོག་བུ་དེ་བླངས་ཏེ་གཟིགས་པ་ན། རྒྱལ་པོའི་མིང་དང་པོར་བྲིས་ཡོད་པ་གཟིགས། རྒྱལ་པོ་ཁོང་ཁྲོ་ཆེན་པོ་ལངས་ནས་འགྲེལ་བཤད་དགོས་ཚུལ་གསུངས་པར། ཏེ་ན་ལི་ར་མ་ཡིས་“ཆ་རྒྱུས་མེད་པའི་མི་ཞིག་ལ་གསེར་སྒོར་ ༥༠༠༠ སྤྲོད་མཁན་དེ་མི་གླེན་ལྐུགས་ཤིག་མ་རེད་དམ།” ཞེས་སྐད་དམའ་བོས་ཞུས། རྒྱལ་པོས་“གལ་ཏེ་ཚོང་པ་དེ་རྟ་དག་ཁྲིད་ནས་ཡོང་ན།”ཞེས་རྫིག་ཉམས་དང་བཅས་དྲིས་པ་ན། ཏེ་ན་ལི་ར་མ་ཡིས་“དེ་ན་བདག་གིས་གླེན་ལྐུགས་ཀྱི་མིང་ཐོའི་ནང་རྒྱལ་པོའི་མིང་གི་ཚབ་ཏུ་མི་དེའི་མིང་བྲི་རྒྱུ་ཡིན།” ཞེས་ཀུ་རེ་དང་བཅས་ཞུས་སོ།།
Comments