སྒྲུང་ཐུང་བོད་སྒྱུར་མ། (༤༡-༤༥)

༤༡) སྭ་མི་ཝི་ཝེ་ཀ་ནན་དཱ་དང་ཨིན་ཇི་བ་གཉིས།


         ཐེངས་ཤིག་སྭ་མི་ཝི་ཝེ་ཀ་ནན་དཱ་མེ་འཁོར་ནང་བཞུགས་ནས་ར་ཇ་སེ་ཐན་ལ་འགྲུལ་བཞུད་གནང་བཞིན་པའི་སྐབས་ཤིག སྭ་མི་མཆོག་སྒོམ་རྒྱག་བཞིན་པ་ལྟར་སྤྱན་གཉིས་བཙུམས་ནས་ངལ་གསོ་གནང་བཞིན་བཞུགས་ཡོད།


     ཁོང་གི་འགྲམ་དུ་ཨིན་ཇི་བ་གཉིས་བསྡད་ཡོད་ཅིང་། དེ་གཉིས་ཀྱིས་སྭ་མི་མཆོག་གི་ངུར་སྨྲིག་མདོག་གི་ནམ་བཟའ་མཐོང་བ་ན། ཁོང་ལ་ཨིན་ཡིག་གི་མཁྱེན་རྒྱ་ཅི་ཡང་མེད་དོ་སྙམ་ནས། ཨིན་སྐད་ནང་ཁོང་ལ་དམའ་འབེབས་དང་ཚིག་རྩུབ་མང་པོ་བཤད་པ་རེད།


     སྭ་མི་མཆོག་གིས་དེ་དག་ལ་ལན་ཅི་ཡང་མ་བསྐྱོན་པར་བཞུགས་གནང་ཞིང་། དུས་ཡུན་ཅུང་ཙམ་འགོར་བའི་རྗེས་ཁོང་གིས་མེ་འཁོར་ལས་བྱེད་པ་ཞིག་ལ་ཨིན་སྐད་ཐོག་ནས་ཆབ་ཕོར་པ་གང་དགོས་ཚུལ་གསུངས་པ་ན། 


     ཨིན་ཇི་བ་གཉིས་སྭ་མི་མཆོག་གིས་ཨིན་སྐད་མཁྱེན་གྱི་ཡོད་པ་ཤེས་རྗེས་ཧང་སང་སྟེ། “ཁྱོད་ཀྱིས་ང་ཚོས་བཤད་པའི་ཨིན་སྐད་གོ་བཞིན་དུ་ཅི་ཕྱིར་དེ་ལྟར་ཁ་རོག་བསྡད་པ་ཡིན་ནམ།” ཞེས་དྲིས།


     སྭ་མི་མཆོག་ནས། “འདི་ནི་ང་བླུན་རྒན་དག་དང་འཕྲད་པ་ཐེངས་དང་པོ་དེ་མིན་པས་རེད།” ཞེས་བཀའ་ལན་གནང་བ་རེད།


     ཨིན་ཇི་བ་གཉིས་སྭ་མི་མཆོག་གི་བཀའ་ལན་ལ་ཁོང་ཁྲོ་རབ་ཏུ་འབར་ཡང་། ཁོང་གི་འཇིགས་སུ་རུང་བའི་སྐུ་གཟུགས་ལ་བལྟས་ནས་ཕྱིར་ཤིག་མི་བྱེད་ཐབས་མེད་དུ་གྱུར་རོ།།


 

༤༢) སྤྱང་གྲུང་ལྡན་པའི་བ་གླང་།


    སྔོན་ནགས་ཚལ་ཞིག་གི་གསེབ་ན་སྲོག་ཆགས་དང་འདབ་ཆགས་མང་པོ་གནས་འཆའ་བཞིན་ཡོད། ཐེངས་ཤིག་ནགས་ཁྲོད་དུ་རྒྱུ་བཞིན་པའི་བ་གླང་ཞིག་བྲག་ཕུག་ཅིག་གི་སྒོ་ཁར་སླེབས། བྲག་ཕུག་དེའི་ཉེ་འགྲམ་དུ་རྗིང་བུ་ཆེན་པོ་ཞིག་དང་། སྔོ་ལྗང་ལྗང་གི་རྩ་ཐང་ཞིག་ཡོད་པ་རེད། བ་གླང་དེའི་སེམས་སུ། “གནས་འདི་ནི་ང་གཏན་སྡོད་བྱ་ས་ཡག་པོ་ཞིག་འདུག” སྙམ། དེ་ནས་བ་གླང་དེས་བྲག་ཕུག་དེ་ཁོ་པའི་ཁྱིམ་དུ་སྤྱད། ཉིན་མང་པོ་འདས་རྗེས། བ་གླང་དེ་ནེའུ་སེང་གི་སྔོ་རྩྭ་ཟ་གིན་ཤ་ཤེད་རྒྱས་ཤིང་། བྲག་ཕུག་དེའི་ནང་ཞི་བདེ་དང་བདེ་སྐྱིད་ངང་འཚོ་བཞིན་གནས་པ་དང་། ཁོ་པས་ནགས་ཁྲོད་དེ་ནས་གྲོགས་པོ་ཡང་མང་པོ་བསྒྲིགས་ཡོད།


    ཉིན་ཞིག  །བ་གླང་དེ་ཁོ་པའི་བྲག་ཕུག་གི་སྒོ་ཁར་ངལ་གསོ་བཞིན་བསྡད་ཡོད་པའི་སྐབས། སེང་གེ་ཞིག་བྲག་ཕུག་དེའི་ཕྱོགས་སུ་སླེབས། སེང་གེ་དེས་དུས་ཚོད་རིང་པོའི་རྗེས་བ་གླང་ཞིག་མཐོང་བས་དགའ་སྤྲོ་ཆེན་པོ་སྐྱེས། “ཨ་ཧ། བ་གླང་་་་་་་་། ཁོ་ཤ་ཤེད་ཀྱང་བཟང་པོ་འདུག” རྔམ་བརྗིད་ལྡན་པའི་སེང་གེ་དེས་ཟ་མ་ཞིམ་པོ་ཞིག་ཟ་བའི་རེ་འདུན་དང་བཅས་མཆུ་སྒྲོས་ལྡག་བཞིན་དེ་ལྟར་སྙམ། བ་གླང་གིས་ཀྱང་སེང་གེ་དེ་མཐོང་ཞིང་ཉེན་ཁ་ཡོད་པ་རྟོགས་ནས། “ངས་རང་ཉིད་ལ་སྲུང་སྐྱོབ་ཅིས་ཀྱང་བྱ་དགོས” སྙམ་ནས་རང་ཉིད་སེང་གེ་དེ་ལས་གཡོལ་ཐབས་བྱ་རྒྱུ་ཐག་བཅད། 


    སེང་གེ་དེ་བ་གླང་གི་ཉེ་འགྲམ་དུ་བཅར་ཡོང་སྐབས་སྤྱང་གྲུང་ལྡན་པའི་བ་གླང་དེས་བྲག་ཕུག་ཏུ་ཁ་ཕྱོགས་ནས་སྐད་ཤུགས་ཆེན་པོས། “ སྙིང་སྡུག་མ། དགོང་ཟས་གཞན་གང་ཡང་མ་གཡོ་ཨང་། ད་ལྟ་ངས་སེང་གེ་ཞིག་མཐོང་བྱུང་། ངས་ཁོ་པ་འགྲམ་དུ་ཡོང་རྒྱུར་སྒུག་ཡོད། ཁོ་འགྲམ་དུ་སླེབས་ན་ངས་བཟུང་ཆོག །དེ་ན་ང་གཉིས་ཀྱིས་དགོང་ཟས་ལ་སེང་ཤ་ཟོས་ཆོག” ཅེས་སྨྲས་པ་ན། སེང་གེ་དེ་བ་གླང་གི་སྐད་ཅ་ཐོས་རྗེས་སྐྲག་ཐག་ཆོད་ནས་ཁ་ཕྱིར་བསྐོར་ཏེ་བྲོས་སོ།།



༤༣) ཨ་ཕས་བུ་ལས་བསླབ་བྱ་བླངས་པ།


       ཡོན་ཏན་ནི་ཤིང་བཟོ་བ་ཞིག་རེད། ཁོ་པ་གྲོང་གསེབ་ཅིག་ནང་སྡོད་ཀྱི་ཡོད། ཁོ་པའི་ཨ་མ་འདས་ནས་ཡུན་རིང་འགོར། ཨ་ཕའི་མིང་ལ་ཡེ་ཤེས་ཟེར་ཞིང་ཡོན་ཏན་རང་དང་ལྷན་དུ་འདུག་གི་ཡོད། ཡེ་ཤེས་ནི་ལུས་སྟོབས་ཧ་ཅང་སྐྱོ། ཁོ་པས་ཐ་ན་གོམ་པ་ཡང་ཡག་པོ་སྤོ་ཐུབ་ཀྱི་མེད། རྒྱུ་མཚན་ནི་ཡོན་ཏན་གྱིས་ཁོ་པར་ཟ་མ་བརྒྱགས་ཚོད་ཅིག་སྟེར་གྱི་མེད་པས་རེད། ཡོན་ཏན་ཁོས་རང་གི་ཨ་ཕར་ས་ཕོར་ཆུང་ཆུང་ཞིག་བྱིན་ཡོད་པ་དང་། དེའི་ནང་འབྲས་ཉུང་ཉུང་ཞིག་བླུགས་ཀྱང་མང་མདོག་ཁ་པོ་མཐོང་གི་ཡོད། ཡོན་ཏན་ནི་མི་ངན་ཞིག་རེད། ཁོ་པ་ནི་ཆང་འཐུང་རྒྱུར་ལང་ཤོར་བ་ཞིག་རེད། ཆང་བཏུང་རྗེས་ཁོས་ཨ་ཕར་མནར་གཅོད་ཚབས་ཆེན་གཏོང་གི་ཡོད།  


     ཡོན་ཏན་ལ་བུ་ཞིག་ཡོད། བུའི་མིང་ལ་དཔལ་འབར་ཟེར། དཔལ་འབར་ནི་ལོ་བཅུ་ཟིན་ཙམ་རེད། ཁོ་པ་ནི་ཕྲུ་གུ་བཟང་པོ་ཞིག་རེད། དཔལ་འབར་རང་གི་སྦོ་བོ་ལ་དགའ་ཞིང་། སྤོ་བོ་ལ་བརྩི་བཀུར་ཆེན་པོ་བྱེད་མཁན་ཞིག་རེད། ཁོ་ཨ་ཕའི་གཤིས་ཀ་དང་རྣམ་འགྱུར་ལ་མི་དགའ། རྒྱུ་མཚན་ནི་ཁོའི་ཨ་པས་སྤོ་བོ་ལ་གདུབ་རྩུབ་ཆེན་པོས་མནར་གཅོད་གཏོང་གི་ཡོད་པས་རེད། 


      ཉིན་ཞིག་ཡེ་ཤེས་ཀྱིས་རང་གི་བུས་སྤྲད་པའི་ས་ཕོར་ནང་ཟ་མ་ཟ་བཞིན་པའི་སྐབས་ལག་ངར་འདར་བས་ས་ཕོར་སར་ལྷུང་སྟེ་དུམ་བུར་གྱུར་བ་དང་། ཟས་ཀྱང་ཞ་ལའི་ཐོག་ཏུ་ཐོར་བ་རེད། སྐབས་དེར་ཡོན་ཏན་ཁང་པ་དེའི་ཟུར་ཞིག་ན་ལས་ཀ་བྱེད་བཞིན་ཡོད་པས། ཕོར་པ་ཆག་ཀྲུམ་མཐོང་སྟེ་ཨ་ཕར་ཁྲོང་ཁྲོ་རབ་ཏུ་འབར། ཁོས་ཨ་ཕར་ཚིག་ཧ་ཅང་རྩུབ་པོས་ཁ་རྡུང་བཏང་བ་རེད། རྒན་པོ་དོན་དག་དེ་ལ་སེམས་སྡུག་ཆེན་པོ་བྱུང་བ་དང་། རང་གི་ནོར་འཁྲུལ་ལ་འགྱོད་པ་སྐྱེས། ཡོན་ཏན་གྱི་སྐད་ཆས་རྒས་པོའི་སེམས་གཏིང་ལ་རྨ་ཁ་ཆེན་པོ་བཟོས་པ་རེད།


        ཡོན་ཏན་གྱི་བུ་དཔལ་འབར་གྱིས་གནས་ཚུལ་དེ་མཐོང་རྗེས་རང་གི་ཨ་ཕར་མི་དགའ་བར་གྱུར། ཁོའི་ཨ་ཕས་སྤོ་བོ་ལ་སྡུག་སྦྱོང་དྲག་པོ་གཏོང་གི་ཡོད་ཀྱང་། ཁོ་པས་རང་གི་ཨ་ཕར་དེ་ལྟར་མ་བྱེད་ཅེས་བཤད་ཕོད་ཀྱི་མེད། ཁོ་པ་རང་གི་སྦོ་པོའི་ཐོག་ལ་སེམས་སྡུག་ཆེན་པོ་སྐྱེས། འོན་ཀྱང་ཁོ་པར་སྤོ་བོ་ལ་རྒྱབ་སྐྱོར་བྱེད་ཐུབ་པའི་ནུས་ཤུགས་མེད།


         ཕྱི་ཉིན་དཔལ་འབར་གྱིས་ཨ་ཕའི་ཤིང་བཟོའི་ཡོ་ཆས་འགའ་ཞིག་དང་ཤིང་དུམ་ཞིག་འཁྱེར་སྟེ་སོང་ནས་ཤིང་གི་ཕོར་པ་ཞིག་བཟོ་བཞིན་བསྡད། ཁོའི་ཨ་ཕས་དེ་མཐོང་སྟེ།


     “ཁྱོད་ཀྱིས་ཅི་ཞིག་བཟོ་བཞིན་ཡོད་དམ།”ཞེས་དྲིས། 


     དཔལ་འབར་གྱིས་“ངས་ཤིང་ཕོར་ཞིག་བཟོ་བཞིན་ཡོད།”ཅེས་ལན་བཏབ།

      

      ཨ་ཕས་“ཤིང་ཕོར་ཨེ། ཅི་ཞིག་གི་ཆེད་དུ།” ཞེས་དྲིས།


    “པཱ་ལགས། ངས་ཁྱེད་རང་གི་ཆེད་དུ་བཟོ་བཞིན་ཡོད། ཁྱེད་རྒས་དུས་སྤོ་བོ་ནང་བཞིན་ཟ་མ་བཟའ་སའི་སྡེར་མ་ཞིག་དགོས་རྒྱུ་རེད། ས་འདམ་གྱི་བཟོས་པའི་སྡེར་མ་ལས་སླ་པོས་ཆག་གི་རེད། དེ་ལྟར་བྱས་ན་ངས་ཁྱེད་རང་ལ་ཚིག་ངན་སྤྱད་ནས་གཤེ་གཤེ་གཏོང་དགོས་རྒྱུ་རེད། དེར་བརྟེན་ངས་ཁྱེད་རང་ལ་ཤིང་གི་ཕོར་པ་ཞིག་སྤྲད་རྒྱུ་ཡིན། དེ་ལས་སླ་པོར་འཆག་གི་མ་རེད།”ཅེས་བཤད།

 

    སྐད་ཆ་དེ་ཐོས་རྗེས་ཤིང་བཟོ་བ་དེ་ཧང་སང་ཞིང་། ད་གཟོད་ཁོ་པས་རང་གི་ནོར་འཁྲུལ་ཆེན་པོ་བྱས་པ་ཤེས། ཁོ་པ་ཆུང་དུས་ཨ་ཕས་བྱམས་བརྩེ་ཆེན་པོས་གསོ་སྐྱོང་གནང་ཡང་། ད་ཆ་ཨ་ཕ་རྒས་དུས་ཁོས་སྡུག་སྦྱོང་ཞེ་དྲག་བཏང་ཡོད། ཡོན་ཏན་རང་ཉིད་ཀྱི་ད་ལྟའི་བྱ་སྤྱོད་ལ་གནོང་འགྱོད་ཆེན་པོ་སྐྱེས་ཤིང་། རང་གི་ནོར་འཁྲུལ་རྟོགས་པ་མ་ཟད། དེ་ནས་ཁོ་པ་མི་གཞན་ཞིག་ཏུ་གྱུར་བ་རེད། 


    ཉིན་དེ་ནས་བཟུང་ཡོན་ཏན་གྱིས་རང་གི་ཨ་ཕར་གུས་རྩི་ཆེན་པོ་བྱེད་པ་དང་། ཁོས་ཆང་འཐུང་རྒྱུ་ཡང་རྦད་དེ་སྤངས་པ་རེད་དོ།།



༤༤) སྦལ་པ་ཁྱུ།


    སྦལ་པ་ཁྱུ་ཞིག་ནགས་ཚལ་སྟུག་པོ་བརྒྱུད་ནས་འགྲོ་བཞིན་པའི་སྐབས། སྦལ་པ་གཉིས་ཀྱིས་གཟབ་གཟབ་མ་བྱས་པས་ཧ་ཅང་གཏིང་ཟབ་པའི་ས་དོང་ཞིག་གི་ནང་དུ་ལྷུང་པ་རེད། དོང་གི་ཁ་ལ་ཡོད་པའི་སྦལ་པ་དག་གིས་འཚང་ཁ་ཤིག་ཤིག་གིས་བལྟས་པ་ན། ས་དོང་དེ་གཏིང་ཧ་ཅང་ཟབ་མོ་ཡོད་པ་རྟོགས་ཤིང། ཁོ་ཚོས་ཁོ་གཉིས་ལ་ད་ཡར་འཐོན་ཐུབ་རྒྱུའི་རེ་བ་མེད་ཚུལ་བཤད་པ་རེད། 


    འོན་ཀྱང་སྦལ་པ་དེ་གཉིས་ཀྱིས་ཁོ་ཚོས་བཤད་པ་སྣང་མེད་དུ་བཞག་ནས་ས་དོང་གི་ཁ་ལ་མཆོང་ཐབས་ཡང་ཡང་བྱས།

  

    ཁོ་གཉིས་ཀྱིས་འབད་བརྩོན་ཡུན་རིང་བྱས་ཀྱང་ས་དོང་དེའི་ཁར་མཆོང་མ་ཐུབ། དེར་ས་དོང་གི་ཁར་ཡོད་པའི་སྦལ་པའི་ཁྱུ་ཚོགས་ཀྱིས་ཁོང་གཉིས་ལ་ད་ཚེ་སྲོག་བློས་གཏོང་བྱ་རྒྱུ་ལས་གཞན་ཐབས་ཤེས་མེད་པ་དང་། ཁོ་གཉིས་ས་དོང་གི་ཁ་ལ་མཆོང་ཐུབ་རྒྱུ་མིན་ཚུལ་ཡང་ཡང་བཤད།


    རིམ་པས་ཁོ་གཉིས་ལས་གཅིག་གིས་གཞན་རྣམས་ཀྱིས་བཤད་པར་དོ་སྣང་དང་ཡིད་ཆེས་བྱས་ཏེ་རང་ཉིད་བློས་བཏང་བས་ས་དོང་གི་གཏིང་དུ་ཟག་ནས་རང་སྲོར་ཤོར། གཞན་དེས་ནུས་ཤུགས་ཡོད་དགུས་མུ་མཐུད་དུ་མཆོང་ཐབས་བྱས། སྐབས་དེར་ཡང་སྦལ་པ་གཞན་རྣམས་ཀྱིས་ཁོ་པར། “ དཀའ་སྡུག་དེ་འདྲ་མྱང་ནས་ཅི་བྱེད། དེ་ལས་བློ་བདེའི་ངང་ཤི་ན་དགའ་གི་རེད།” ཅེས་སྐད་ཅོར་མང་པོ་བརྒྱབ།


     ས་དོང་ནང་དུ་ཡོད་པའི་སྦལ་པ་དེས་སྔར་བས་ནུས་ཤུགས་ཆེ་བའི་སྒོ་ནས་མཆོང་ཐབས་ལན་མང་བྱས་རྗེས་མཐར་ཕྱིར་ཐོན་ཐུབ། ཁོ་པ་ས་དོང་གི་ཁར་ཐོན་རྗེས་སྦལ་པ་གཞན་ཚོས། “ཁྱོད་ཀྱིས་ང་ཚོའི་སྐད་ཆ་མ་ཐོས་སམ།” ཞེས་དྲིས་པ་ན།


     སྦལ་པ་དེས། “ང་འོན་པ་ཞིག་ཡིན། ངའི་བསམ་པར་ཁྱེད་ཚོས་ད་གི་ནས་ང་ལ་མུ་མཐུད་འབད་བརྩོན་བྱོས་ཞེས་སྐུལ་ལྕག་གཏོང་གི་འདུག་སྙམ་བྱུང་།” ཞེས་ལན་བཏབ་བོ།།



   ༤༥) རྒྱལ་གཞིས་དང་ཁྭ་ཏ།


        ཉིན་ཞིག་ཨག་འབར་བློན་པོ་ཚོ་གས་དང་ལྷན་དུ་འཆམ་འཆམ་ལ་སྐྱོད་བཞིན་པའི་སྐབས། ཁོ་པས་ནམ་མཁའ་ལ་ཁྭ་ཏ་མང་པོ་འཕུར་ལྡིང་བྱེད་བཞིན་པ་མཐོང་བས། “ང་ཚོའི་རྒྱལ་གཞིས་ནང་ཁྭ་ཏ་ག་ཚོད་པ་ཡོད་སུས་བཤད་ཐུབ་བམ།” ཞེས་སྐུ་འཁོར་ཚང་མར་དྲིས།


      བློན་པོ་ཚང་མ་ཏོག་ཅམ་རིང་ཧང་སང་ནས་ལུས་ཤིང་།


དེ་ནས་བློན་པོ་གཅིག་གིས་ “རྒྱལ་པོ་རིན་པོ་ཆེ། ང་ཚོས་ཁྭ་ཏའི་གྲངས་ཇི་ལྟར་རྩི་ཐུབ་བམ།” ཞེས་བཀའ་འདྲི་ཞུས།


   “ དེ་ནི་མི་སྲིད་པ་ཞིག་རེད།” བློན་པོ་གཞན་ཞིག་གིས་ཀྱང་དེ་ལྟར་ཞུས།


     བློན་པོ་ཚང་མས་མགོ་བོ་གཡུག་གཡུག་བྱེད་བཞིན་ཕན་ཚུན་སྐད་དམའ་བོས་ཅི་ཞིག་བཤད་རེས་བྱེད་བཞིན་པའི་སྐབས། 


     “བིར་བལ། ཁྱོད་ཀྱིས་བལྟས་ན་ཇི་འདྲ་རེད།” ཨག་འབར་གྱིས་བིར་བལ་ལ་དྲིས།


      “རྒྱལ་པོ་རིན་པོ་ཆེ། ཐ་ན་བིར་བལ་གྱིས་ཀྱང་གནད་དོན་འདི་ལ་ལན་འདེབས་ཐུབ་ཀྱི་མ་རེད།” བློན་པོ་ཞིག་གིས་ཁྲེལ་དགོད་དང་བཅས་དེ་ལྟར་བཤད།


      “ རེད། དེའི་རྐྱེན་གྱིས་ཁོ་དེ་རིང་ཁ་རོག་བསྡད་མི་འདུག་གམ།” ཁོ་ཚོའི་ཁྲོད་ནས་བློན་པོ་གཞན་ཞིག་གིས་བཤད།


       “ཨོ་་་་་་་་  ཨོ་་་་་་  ང་ཚོའི་རྒྱལ་གཞིས་ལ་ཁྭ་ཏ་དགུ་ཁྲི་ལྔ་སྟོང་བཞི་བརྒྱ་དྲུག་ཅུ་རེ་གསུམ་ཡོད་པ་ཁོ་ཐག་རེད།” བིར་བལ་གྱིས་ལྷོད་ལྷོད་ངང་ཞུས།


      བློན་པོ་གཞན་ཚང་མས། “དངོས་གནས་ཡིན་ནམ། དེ་འདྲ་ཇི་ལྟར་རྩི་ཐུབ་བམ།” ཞེས་དྲིས།


       བིར་བལ་གྱིས། “ ངས་གཏན་འཁེལ་ནས་ཞུ་ཐུབ། རྒྱལ་པོ་རིན་པོ་ཆེ། ཐུགས་ཡིད་མ་ཆེ་ན་ང་ཚོས་མི་མངགས་ནས་ཁྭ་ཏ་ག་ཚོད་བརྩི་རུ་བཅུག་ན་གསལ་པོ་ཆགས་ངེས།” ཞེས་ཞུས། 


       “ཨོ་་་་་ གལ་ཏེ་ཁྭ་ཏའི་གྲངས་ཁྱོད་ཀྱིས་བཤད་པ་ལས་ཉུང་བ་ཡོད་ན” བློན་པོ་ཞིག་གིས་དྲིས།


        “འོ་་་་ དེ་ན་ཁྭ་ཏ་ཁ་ཤས་ཁྱིམ་མཚེས་རྒྱལ་གཞིས་ཁག་ལ་རང་རང་གི་སྤུན་མཆེད་ཐུག་འཕྲད་དུ་ཕྱིན་པ་ཡིན་གྱི་རེད།” བིར་བལ་གྱིས་ཟུར་ཟའི་ངང་བཤད།


       “གལ་ཏེ་ཁྭ་ཏའི་གྲངས་ཁྱོད་ཀྱིས་བཤད་པ་ལས་ཉུང་བ་ཡོད་ན།” བློན་པོ་གཞན་ཞིག་གིས་དྲིས།


       “འོ་་་་་  དེ་ནི་ཁྭ་ཏ་མང་པོ་ཞིག་ཁྱིམ་མཚེས་རྒྱལ་གཞིས་ཁག་ནས་འདི་ན་རང་རང་གི་སྤུན་མཆེད་ཐུག་འཕྲད་དུ་སླེབས་ཡོད་པའི་རྟགས་རེད།” བིར་བལ་དེ་ལྟར་ལན་བཏབ་པ་ན་ཨག་འབར་གྱིས་སྐད་ཤུགས་ཆེན་པོས་བགད་དོ།།

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།