སྒྲུང་ཐུང་བོད་སྒྱུར་མ། (༣༦-༤༠)
༣༦) སྤྱང་གྲུང་ལྡན་པའི་ཝ་མོ།
གནའ་སྔ་མོ་ས་ཆ་ཞིག་ལ་ཁྭ་ཏ་གཅིག་འཚོ་བཞིན་ཡོད། ཉིན་ཞིག་ཁོ་ཧ་ཅང་ལྟོགས་པ་རེད། ཁོས་ཉིན་སྔ་མར་ཟ་མ་རྩ་བ་ནས་ཟ་ཐུབ་མེད། དེར་བརྟེན་ཁོའི་སེམས་ན་“གལ་ཏེ་དེ་རིང་ངས་ཟ་མ་བཟའ་མ་ཐུབ་ན་ང་འཆི་རྒྱུ་རེད།”སྙམ་པ་རེད།
ཁྭ་ཏ་ཟ་མ་འཚོལ་བཞིན་པའི་སྐབས་ཁོ་པའི་མིག་ཟུང་བག་ལེབ་དུམ་བུ་ཞིག་གི་སྟེང་དུ་ཤོར། ཁོས་མགྱོགས་མྱུར་ངང་མར་བབས་ཏེ་བག་ལེབ་དེ་བསྒྲུགས་ནས་འཕུར་སོང་། ཐག་རིང་དུ་སེམས་ཅན་གཞན་སུ་ཡང་མེད་པའི་ས་ཆ་ཞིག་ན་བསྡད་ནས་བག་ལེབ་དེ་ལོངས་སུ་སྤྱོད་བཞིན་བསྡད་པ་རེད།
སྐབས་དེར་ལྟོགས་སྐོམ་གྱིས་མནར་བའི་ཝ་མོ་ཞིག་གིས་སྡོང་པོའི་འགྲམ་དུ་བསྡ་ཡོད་པས། ཝ་མོ་དེས་ཤིང་སྡོང་སྟེང་ཁྭ་ཏ་དེས་ཁ་ནང་དུ་བག་ལེབ་དུམ་བུ་བཟུང་ཡོད་པ་མཐོང་ནས། “ཞིམ་མདོག་ལ། བག་ལེབ་དེ་ཞིམ་པོ་ཞེ་དྲག་ཡོད་ས་རེད། ངས་བག་ལེབ་དེ་ཐོབ་པའི་ཆེད་དུ་ཅི་ཞིག་བྱ་ཐུབ་བམ།”ཞེས་བསམ་བློ་བཏང་།
ཝ་མོས་ཁོའི་གཡོ་བྱུས་ཡོད་ཚད་བཀོལ་ནས་ཁྭ་ཏའི་ཁ་ནས་བག་ལེབ་འཕྲོག་རྒྱུ་སེམས་ཐག་བཅད་དེ། ཤིང་སྡོང་གི་འོག་ནས་ཡར་བལྟས་ནས་བསྡད། ཁྭ་ཏས་ཁོ་མཐོང་རྗེས་“ངས་བལྟས་ན་ཝ་མོ་འདིས་ངའི་བག་ལེབ་བཟའ་འདོད་པ་འདྲ། ངས་ཟབ་ནན་གྱིས་བག་ལེབ་དམ་པོར་འཛིན་དགོས།”སྙམ་ཞིང་བག་ལེབ་དེ་བས་དམ་པར་བཟུང་པ་རེད།
སྤྱང་གྲུང་ལྡན་པའི་ཝ་མོ་དེས་གུས་ཞབས་དང་ལྡན་པའི་ངང་ཁྭ་ཏ་ལ་སྐད་ཆ་བཤད་འགོ་བརྩམས། དེ་ཡང་ཁོ་པས་ཁྭ་ཏ་ལ་“གྲོགས་པོ་ལགས། བདེ་མོ།”ཞེས་དྲིས། འོན་ཀྱང་ཁྭ་ཏས་ཅི་ཡང་མ་བཤད།
ཁོ་པས་མུ་མཐུད། “ཁྭ་ཏ་ནི་ཡིད་དུ་འོང་བའི་བྱ་རིགས་ཤིག་རེད་ལ། ཁྱེད་རང་དེ་བས་ཧ་ཅང་མཛེས་སྡུག་ལྡན་པ་ཞིག་འདུག” ཞེས་ཁྭ་ཏ་ལ་ངོ་བསྟོད་དང་བཅས་བཤད།
དེ་ནས་ཡང་ཝ་མོས་“ངས་གོ་ཐོས་ལྟར་ན་ཁྱེད་རང་མཛེས་སྡུག་དང་ལྡན་པས་མ་ཚད། གསུང་སྐད་ཀྱང་ཧ་ཅང་སྙན་པོ་ཡོད་པ་འདྲ། ང་ལ་གླུ་དབྱངས་ཤིག་ལེན་རོགས་གནང་།” ཞེས་རེ་སྐུལ་ཞུས།
ད་གཟོད་ཁྭ་ཏས་ཝ་མོས་བཤད་པའི་སྐད་ཆ་ལ་ཡིད་ཆེས་བྱེད་འགོ་བརྩམས་ཤིང་། “ཝ་མོས་དོན་ངོ་མའི་མཛེས་མ་ངོ་ཤེས་ཀྱི་ཡོད་བཟོ་འདུག །ང་ནི་འཛམ་གླིང་ཡོངས་ཀྱི་བྱ་མཛེས་ཤོས་དེ་ཡིན་ཁོ་ཐག་རེད། ངས་ཁོ་ལ་གླུ་དབྱངས་ཤིག་ལེན་དགོས་ཨང་།” སྙམ།
ཁྭ་ཏ་གླེན་པ་དེས་ཁ་གདངས་ནས་གླུ་དབྱངས་ལེན་གྲབས་བྱེད་དུས་མཆུ་ནས་བག་ལེབ་ཤོར་སྟེ་ས་ཐོག་ཏུ་ལྷུང་། སྐབས་དདེར་འོག་ཏུ་སྒུག་བཞིན་པའི་ཝ་མོ་སྤྱང་པོ་དེས་བག་ལེབ་དེ་བླངས་ནས་ལམ་སེང་ཁྱུར་མིད་བཏང་བ་ན། ཁྭ་ཏས་ད་གཟོད་རང་ཉིད་ཝ་མོའི་གཡོ་འོག་ཏུ་ཚུད་པ་ཤེས་ནས་འགྱོད་པ་སྐྱེས་སོ།།
༣༧) ཁེངས་དྲེགས་ཅན་གྱི་ངང་པ།
རྒྱང་རིང་གི་རྒྱལ་ཁམས་ཤིག་ན་གཙང་པོ་ཞིག་ཡོད། གཙང་པོ་དེ་ནི་གསེར་མདོག་ཅན་གྱི་ངང་པ་མང་པོ་ཞིག་གི་ཁྱིམ་གཞིས་ཡིན། ངང་པ་དེ་དག་གིས་དུས་ཚོད་ཕལ་ཆེ་བ་གཙང་པོའི་འགྲམ་ངོགས་སུ་སྐྱེལ་གྱི་ཡོད། ཟླ་བ་དྲུག་རེའི་མཚམས་སུ་ངང་པ་རྣམས་ཀྱིས་མཚེའུ་བེད་སྤྱོད་བྱས་པའི་དོད་དུ་གསེར་གྱི་བྱ་སྒྲོ་འཇོག་གི་ཡོད་ཅིང་། རྒྱལ་པོའི་དམག་མིས་སྒྲོ་སྤུ་དག་བསྡུས་ནས་རྒྱལ་པོའི་བང་མཛོད་དུ་འཇོག་གི་སྐྱེལ་གྱི་ཡོད།
ཉིན་ཞིག །སྡོད་གནས་མེད་པའི་བྱ་ཞིག་གིས་ཆུ་བོ་དེ་མཐོང་ནས། “གཙང་པོ་དེའི་ནང་གི་ཆུ་ནི་བསིལ་ཞིང་འཇམ་པ་ཞིག་ཡིན་ངེས། ངས་འདི་ན་ཁྱིམ་གཞིས་བཅོས་དགོས།” སྙམ་པ་རེད།
བྱ་དེ་མར་བབས་ནས་གཙང་པོའི་ཉེ་འགྲམ་དུ་གཞིས་ཆགས་མ་ཐག་གསེར་མདོག་ཅན་གྱི་ངང་པ་དག་གིས་ཁོ་མོ་མཐོང་། ངང་པ་དེ་དག་མོའི་འགྲམ་དུ་འོངས་ནས་སྐད་ཤུགས་ཆེན་པོས་“ཆུ་བོ་འདི་ང་ཚོར་དབང་པ་ཡིན། ང་ཚོས་རྒྱལ་པོར་གསེར་གྱི་བྱ་སྒྲོ་ཕུལ་ནས་ཆུ་བོ་འདི་ལོངས་སུ་སྤྱོད་ཀྱི་ཡོད། ཁྱོད་ཀྱིས་འདི་ནས་འཚོ་བ་སྐྱེལ་ཐབས་ཡོད་མ་རེད།” ཅེས་བཤད་པ་རེད།
“ང་ལ་འགྲོ་སའི་གནས་མེད། སྤུན་ཟླ་ཚོ། ངས་ཀྱང་གླ་སྤྲད་ཆོག །སྐུ་མཁྱེན་ང་ལ་སྡོད་གནས་བྱིན་རོགས།” བྱ་དེས་དེ་ལྟར་ཞུ་བ་བྱས།
“ཁྱོད་ཀྱིས་ཁང་གླ་ཇི་ལྟར་སྤྲོད་རྒྱུ་ཡིན། ཁྱོད་ལ་གསེར་གྱི་བྱ་སྒྲོ་ནི་མེད།” ངང་པ་དག་གིས་དགོད་ཞོར་དུ་དེ་ལྟར་བཤད། ད་དུང་ཁོང་ཚོས་ཁོ་མོར་“ད་རྨི་ལམ་རྨིས་མཚམས་བཞག་ནས་འགྲོ་རོགས་གྱིས།” ཞེས་བཤད། གུས་ཞབས་ལྡན་པའི་བྱ་དེས་ཞུ་བ་ནན་ཆེ་བྱས་ཀྱང་། ང་རྒྱལ་ཆེ་བའི་ངང་པ་རྣམས་ཀྱིས་བྱ་མོ་དེ་དེད་ནས་ཕུད་དོ།།
“ངས་ཁོ་ཚོར་སྣ་སུན་ཞིག་སྤྲོད་རྒྱུ་ཡིན།” བྱ་མོ་དེས་ངོ་ཚ་ཁ་སྐྱེངས་ངང་དེ་ལྟར་ཐག་བཅད།
བྱ་མོ་རྒྱལ་པོའི་དྲུང་དུ་སོང་ནས་ “རྒྱལ་པོ་ལགས། ཁྱེད་ཀྱི་གཙང་པོའི་ནང་ཡོད་པའི་ངང་པ་དེ་དག་ལ་གུས་ཞབས་དང་སྙིང་རྗེ་མི་འདུག །ངས་སྡོད་གནས་ཤིག་གནང་རོགས་ཞེས་ཞུ་བ་བྱས་ཀྱང་། ཁོ་ཚོས་གཙང་པོ་དེ་གསེར་གྱི་བྱ་སྒྲོ་ཡིས་ཉོས་པ་ཡིན་ཟེར་གྱི་འདུག” ཅེས་ཞུས།
རྒྱལ་པོ་ཁེངས་དྲེགས་ཅན་གྱི་ངང་པ་དག་གིས་ཁྱིམ་མེད་པའི་བྱ་མོ་དེ་ལ་དམའ་འབེབས་བྱས་པ་ལ་ཁོང་ཁྲོ་རབ་ཏུ་འབར་བས་དམག་མི་དག་ལ་ཁེངས་དྲེགས་ཆེ་བའི་ངང་པ་དེ་དག་ཁྲིམས་རར་འཁྲིད་ཡོང་དགོས་པའི་བཀའ་ཕབ། དུས་ཡུན་ཐུང་ངུའི་ནང་གསེར་མདོག་ཅན་གྱི་ངང་པ་རྣམས་རྒྱལ་པོའི་ཁྲིམས་ཁང་དུ་ཁྲིད་ཡོང་།
རྒྱལ་པོས་“ཁྱོད་ཚོས་བལྟས་ན་གོང་མའི་རྒྱལ་མཛོད་ཁྱོད་ཚོའི་གསེར་གྱི་སྒྲོ་ང་ལ་རག་ལས་ཡོད་རེད་བསམ་གྱི་འདུག་གམ། ཁྱོད་ཚོས་སུ་གཙང་ཆུའི་འགྲམ་དུ་འཚོ་བ་རོལ་དང་། སུ་མ་རོལ་ཐག་གཅོད་བྱེད་མི་ཐུབ། དེ་བས་ཁྱོད་ཚོ་ལམ་སེང་ཆུ་བོ་དེ་དང་ཁ་བྲལ་དགོས། དེ་མིན་ཚང་མ་མགོ་གཅད་རྒྱུ་ཡིན།” ཞེས་སྐད་ཤུགས་ཆེན་པོས་སྨྲས།
ངང་པ་རྣམས་རྒྱལ་པོའི་སྐད་ཐོས་རྗེས་འདར་སིག་བརྒྱབ་པ་དང་འཕུར་ཏེ་སོང་ནས་ནམ་ཡང་མ་ལོག །བྱ་མོ་དེས་གཙང་འགྲམ་དུ་ཚང་ཞིག་བཟོས་ནས་བདེ་སྐྱིད་ཀྱི་ངང་འཚོ་བ་རོལ་འགོ་བརྩམས། དེ་ནས་བཟུང་བྱ་མོ་དེས་བྱ་གཞན་ཚང་མར་གཙང་ཆུའི་འགྲམ་དུ་གནས་འཆའ་རུ་བཅུག་གོ།
༣༨) དྲང་བདེན་གྱི་ཐོབ་སྐལ།
ཨ་ལི་དང་ཨ་བྷི་གཉིས་སྤུན་མཆེད་རེད། ཁོ་གཉིས་ཀྱི་ཨ་མ་སྔ་མོ་ནས་ཚེ་ལས་འདས་ཤིང་། ཨ་ཕ་ཡང་ཨ་མ་འདས་ནས་དུས་ཡུན་རིང་པ་མ་སོང་བར་འདས་པ་རེད། ཨ་ཕས་ཁོ་གཉིས་ལ་བ་ཕྱུགས་ཤིག་དང་ཏ་ལའི་ཤིང་སྡོང་ཞིག་བཞག་ཡོད།
ཨ་ལི་ནི་མི་གཡོ་སྒྱུ་ཅན་ཞིག་ཡིན་པ་མ་ཟད། འདོད་རྔམ་ཅན་ཞིག་ཀྱང་རེད། ཨ་བྷི་བྱམས་བརྩེ་ལྡན་ཞིང་གཞུང་དྲང་བའི་མི་ཞིག་རེད། ཁོས་རང་གི་ཕུ་བོ་ལ་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད། ཉིན་ཞིག་ཁོང་གཉིས་ཀྱིས་ཨ་ཕས་བཞག་པའི་རྒྱུ་ནོར་བགོ་བཤའ་རྒྱག་འདོད་བྱུང་བས། ཨ་ལི་ཡིས་“ཨ་བྷི། ངས་ཁྱོད་ལ་ཧ་ཅང་དྲང་བདེན་བྱ་ངེས་ཡིན། ཁྱོད་ཀྱི་ཐོབ་སྐལ་བ་མོའི་མདུན་ངོས་ཀྱི་ཆ་ཤས་དེ་བྱོས། རྒྱབ་ངོས་ཀྱི་ཆ་ཤས་ངས་བདག་པོ་བརྒྱབ་ཆོག །གཉིས་ཀར་ཁེ་འབབ་ནི་སོ་སོའི་ཐོབ་སྐལ་ནས་བྱུང་བ་དེ་ཡིན་དགོས”ཞེས་བཤད་པ་རེད། དེ་བཞིན་ཏ་ལའི་སྡོང་པོ་དེ་ཡང་བགོ་བཤའ་བརྒྱབ་ནས་སྟོད་ཀྱི་ཆ་དེ་ཨ་ལི་དང་། སྨད་ཀྱི་ཆ་དེ་ཨ་བྷི་ལ་བདག་པ་རེད།
ཨ་བྷི་ཡིས་བ་མོ་ལ་རྩ་གསོས་པ་དང་ཆུ་གཙང་མ་སྟེར་བས་བ་མོ་ཤ་ཤེད་རྒྱས་པ་རེད། དེར་བརྟེན་བ་མོས་འོ་མ་མང་པོ་སྤྲོད་ཀྱི་ཡོད། ཨ་ལི་ཡིས་འོ་མ་བཞོས་ཏེ་བཙོངས་པས་སྒོར་མོ་མང་པོ་བྱུང་། འོན་ཀྱང་ཁོས་སྒོར་མོ་དེ་དག་ཨ་བྷི་ལ་བགོ་བཤའ་མ་བརྒྱབ། ཨ་བྷིས་ཁོ་ལ་རང་ཉིད་ཀྱི་ཐོབ་སྐལ་སྤྲོད་དགོས་ཚུལ་བཤད་པ་ན། ཨ་ལིས་“ང་ལ་འོ་མ་ནི་ངའི་ཐོབ་སྐལ་ནས་བྱུང་བ་ཡིན། གྲོས་མཐུན་ནང་ང་གཉིས་ལ་སོ་སོའི་ཐོབ་སྐལ་ནས་བྱུང་བའི་ཁེ་ཕན་ཐོབ་ཀྱི་ཡོད་པ་བྲིས་ཡོད། བ་མོའི་རྒྱབ་ངོས་ཀྱི་ཆ་ཤས་ང་ལ་བདག་པ་རེད་པ།”ཞེས་བརྗོད་པ་ན་ཨ་བྷི་ལ་ཅི་བརྗོད་འདི་བརྗོད་མེད་པར་གྱུར།
ཉིན་ཞིག་སྤྱང་གྲུང་ལྡན་པའི་སྐྱེས་བུ་ཞིག་གིས་ཨ་བྷི་ལ་བསླབ་བྱ་ཞིག་གནང་པ་རེད། དེ་ཡང་ཁོང་གིས་ཨ་བྷིའི་རྣ་བར་སྐད་ཆ་ཞིག་བཤད། ཕྱི་ཉིན་ཨ་ལི་བ་མོ་ལས་འོ་མ་འཇོ་བཞིན་པའི་སྐབས་ཨ་བྷིས་བ་མོའི་མདུན་ངོས་ཀྱི་ཆ་ཤས་ལ་བརྡུངས་པ་རེད། བ་མོས་རྡོག་ཐོ་རྒྱག་འགོ་བརྩམས་པ་དང་། ཨ་ལི་ཡིས་སྐད་ཤུགས་ཆེན་པོས་“གླེན་པ། ཁྱོད་ཀྱིས་བ་མོ་ལ་གཅར་རྡུང་བྱེད་དོན་ཅི་ཡིན་ནམ། ངས་འོ་མ་འཇོ་བཞིན་པ་མཐོང་གི་མི་འདུག་གམ།” ཞེས་བཤད།
ཨ་བྷིས་“བ་མོའི་མདུན་ངོས་ཀྱི་ཆ་ཤས་ངའི་རེད། ང་གཉིས་ཀྱི་གྲོས་མཐུན་ལྟར་ན་ངའི་ཐོབ་སྐལ་ལ་ངས་གང་བྱས་ཀྱང་ཆོག་གི་ཡོད་པ་རེད།” ཅེས་ལན་བཏབ།
ཨ་ལི་ཅི་ཡང་སྨྲ་རྒྱུ་མེད་པར་གྱུར་ཞིང་། མཇུག་མཐར་ཁོ་པས་འོ་མ་ལས་བྱུང་བའི་སྒོར་མོ་དེ་དག་བགོ་བཤའ་བྱ་རྒྱུར་མོས་མཐུན་བྱས། ཨ་བྷིས་“སྒོར་མོ་ཙམ་མིན་པར། བ་མོ་ལ་ལྟོ་སྟེར་རྒྱུ་དང་བདག་སྐྱོང་བྱ་རྒྱུ་ཡང་གཉིས་ཀས་བྱ་དགོས།” ཞེས་བཤད་པར་ཡང་མོས་མཐུན་བྱས་པ་རེད།
སྡོང་པོ་དེའི་ཐོག་ལ་ཡང་། ཨ་ལི་ཡིས་སྡོང་པའི་སྟོད་ཀྱི་ཆ་བཟུང་ཡོད་པ་ལྟར་སྡོང་པོའི་སྟེང་དུ་ཁུང་བུ་བརྟོལ་ཞིང་། དེ་ནས་དྲི་མ་ཧ་ཅང་ཞིམ་པའི་ཁུ་བ་འབྱུང་གི་ཡོད། ཁུང་བུའི་འོག་ཏུ་རྫ་མ་བཞག་ནས་ཤིང་ཏོག་གི་ཁུ་བ་གསོག་འཇོག་བྱས། དེ་ནས་ཤིང་ཏོག་ཁུ་བ་བཙོངས་པས་སྒོར་མོ་མང་པོ་བྱུང་། འོན་ཀྱང་ཁོས་སྔར་བཞིན་གཅུང་པོར་ཐོབ་སྐལ་བགོ་བཤའ་མ་བྱས།
ཡང་སྤྱང་གྲུང་ལྡན་པའི་སྐྱེས་བུ་དེས་ཨ་བྷི་ལ་བསླབ་བྱ་ཞིག་གནང་། ཕྱི་ཉིན་དེར་ཨ་ལི་ཤིང་སྡོང་གི་རྩེར་འཛེགས་ཏེ་ཁུང་བུའི་འོག་ཏུ་རྫ་མ་འཇོག་བཞིན་ཡོད་སྐབས། ཨ་བྷི་ཡིས་ཤིང་སྡོང་དེའི་སྨད་ནས་སྟ་རེས་གཅོད་ཀྱིན་བསྡད་པ་རེད། ཨ་ལིས་དེ་མཐོང་མ་ཐག་ཨ་བྷིའི་ཐོག་སྐད་ཅོར་ཆེན་པོ་བརྒྱབ། འོན་ཀྱང་ཨ་བྷིས་“ངས་རང་ཉིད་ཀྱི་ཐོབ་སྐལ་ལ་གང་འདོད་ལྟར་བྱས་ཆོག །དེར་ཁྱོད་ཀྱིས་ང་ལ་དོགས་འདྲི་དང་བཀག་འགོག་བྱས་མི་ཆོག” ཅེས་ཁོ་གཉིས་ཀྱིས་གྲོས་མཐུན་བྱས་པ་དྲན་སྐུལ་སྟེར།
ད་གཟོད་ཨ་ལི་ཡིས་རང་ཉིད་ནོར་འཁྲུལ་ངོས་ལེན་ཐུབ་སྟེ། ཁོས་ཨ་བྷི་ལ་“ང་སྤུན་མཆེད་ངན་པ་ཞིག་ཡིན། ད་བར་ངས་སྒེར་སེམས་ཁོ་ན་བཅངས་པ་ལ་ངོ་གནོང་གི་འདུག །ངས་ཁྱོད་ལ་དགོངས་དག་ཞུ། ད་ནས་ངས་ཁྱོད་ལ་བལྟ་རྟོག་ཡག་པོ་བྱས་ཆོག” །ཅེས་སྨྲས། སྐབས་དེ་ནས་ཨ་ལིས་ཁ་གདན་ཚིག་ལ་གནས་པ་བྱས་ཏེ་སྤུན་མཆེད་གཉིས་བདེ་སྐྱིད་ངང་འཚོ་བ་རོལ་ཞིང་། ཁེ་བཟང་ཡོངས་རྫོགས་ཐུན་མོང་གིས་ལོངས་སུ་སྤྱད་དོ།།
༣༩) བོང་བུ་དང་རྟ་ཕོ།
སྔོན་ཡུལ་ཞིག་ན་བསམ་གཏན་ཞེས་པའི་ལྭ་བ་འཁྲུད་མཁན་ཞིག་ཡོད། ཁོ་ལ་བོང་བུ་གཅིག་དང་རྟ་ཕོ་ཞིག་ཡོད། བོང་བུ་དེས་རྟ་ཕོ་ལས་དཀའ་ལས་མང་བ་རྒྱག་གི་ཡོད། དེ་ཡང་བོང་བུ་དེས་ཉིན་ལྟར་ལྭ་བ་བཀྲུ་རྒྱུ་དག་རྫིང་ཆུར་ཁྱེར་དགོས་ཤིང་བཀྲུས་ཟིན་རྗེས་ནང་དུ་འཁྱེར་ཡོང་དགོས། རྟ་ཕོས་མཚམས་མཚམས་ལ་བསམ་གཏན་ཁྲོམ་ལ་ཁྱེར་ནས་ཕྱིར་ལོག་པ་ཙམ་བྱེད་ཀྱི་ཡོད་པ་རེད།
ཉི་འོད་རབ་ཏུ་འཚེར་བའི་ཉིན་མོ་ཞིག །བསམ་གཏན་གྱིས་བོང་བུ་འཁྲིད་དེ་རྫིང་ཆུར་སྐྱོད་སྐབས་རྟ་ཕོ་དེ་ཡང་ཆུ་འཐུང་དུ་འཇུག་རྒྱུར་མཉམ་དུ་ཁྲིད་ནས་ཕྱིན། ཁོ་ཚོ་ལམ་དུ་འགྲོ་སྐབས་བོང་བུས་གྱོན་གོས་ཀྱི་དོ་པོ་ལྗིད་མོ་ཞིག་འཁུར་ཡོད་ཅིང་། རྟ་ཕོས་ཅི་ཡང་འཁུར་མེད། བོང་བུས་འཁྱེར་བའི་དོ་པོ་རྒྱུན་ལྡན་དང་མི་འདྲ་བའི་ལྗིད་ཚད་ཧ་ཅང་ཆེ་བས་བོང་བུའི་རྒྱབ་ལ་རྨས་སྐྱོན་ཕོག
ན་ཟུག་བཟོད་གླགས་བྲལ་བའི་མཚམས་སུ་ཐོན་དུས་བོང་རྟ་ལ་“དོ་པོ་འདི་ལྗིད་ཚད་ཧ་ཅང་ཆེ་དྲགས་འདུག །སྤུན་མཆེད། ཁྱེད་ཀྱིས་ཏོག་ཙམ་འཁྱེར་རོགས་བྱོས་དང་།” ཞེས་སྨྲས།
རྟ་ཕོས་གུས་ལུགས་མེད་པའི་ངང་“ག་རེ། ངས་ཅིའི་ཕྱིར་དེ་ལྟར་བྱེད་དགོས་སམ། ངའི་ལས་འགན་ནི་ང་ཚོའི་སྦྱིན་བདག་ཁྲོམ་རར་བསྐྱལ་རྒྱུ་ཁོ་ན་ཡིན།”ཞེས་བཤད་ནས་རྟ་ཕོ་མུ་མཐུད་དེ་རང་གི་ལམ་ལ་ཆས། དེ་ནས་ཁོ་ཚོ་མུ་མཐུད་འགྲོ་བཞིན་པའི་སྐབས་ཉི་མ་ཚ་རུ་ཕྱིན་པས་བོང་བུ་རྦད་དེ་ཐང་ཆད། ཁོས་རང་ཉིད་འདྲུད་པ་ལྟར་བྱེད་བཞིན་“ཧ་ཡོ་་་་། ཧ་ཡོ་་་་་།”ཟེར་བཞིན་མདུན་དུ་སྐྱོད་ཐབས་བྱས་ཀྱང་སྐྱོད་མ་ཐུབ། མཚནས་ཤིག་ནས་ཡ་ང་བའི་བོང་བུ་དེ་ས་ལ་འགྱེལ་བ་རེད། “ཨ་ཙི། ཡ་ངའི་བོང་བུ་ཅི་ཞིག་བྱུང་བ་ཡིན་ནམ།” ལྭ་འཁྲུད་པ་དེས་དེ་ལྟར་སྙམ།
ཁོ་པས་མགྱོགས་མྱུར་བོང་བུའི་སྟེང་གི་དོ་པོ་མར་ཕབ་རྗེས། “དོ་པོ་དངོས་གནས་ལྗིད་པོ་འདུག །ངས་སྔོན་ནས་གཟབ་ནན་མ་ཐུབ་པ་ཅི་ཡིན་ནམ།” སྙམ། དེ་ནས་ཁོ་པས་བོང་བུ་ལ་ཆུ་ཏོག་ཙམ་སྟེར་བས་བོང་བུ་དྲག་ཏུ་ཕྱིན་པ་རེད།
དེ་རྗེས་ལྭ་འཁྲུད་པས་བོང་བུས་ཁྱེར་བའི་གྱོན་ཆས་ཀྱི་དོ་པོ་རྟ་ཕོའི་རྒྱབ་ཏུ་བཀལ་བ་ན། རྟ་ཕོའི་ཁ་ནས་“ཨ་རོ། ཨ་རོ།”ཞེས་པའི་སྒྲ་ཞིག་གྲགས་པ་དང་ལྷན། “ངས་སྔོན་ནས་བོང་བུ་ལ་རོགས་པ་བྱས་ན་འགྲིག་པ་ཡོད། ངས་ནོར་འཁྲུལ་བྱས་སོང་། བོང་བུས་ང་ལ་རོགས་བྱ་རོགས་ཟེར་དུས་ངས་དོ་པོ་ཕྱེད་ཀ་ཁྱེར་ན་འགྲིག་པ་ཡོད། ངས་ད་གཟོད་ཁུར་པོ་མཉམ་འཁུར་བྱས་ན་ལས་དོན་བསྒྲུབ་རྒྱུ་སླ་བ་ཡོད་པ་རྟོགས་སོང་།” ཞེས་ཆིག་ལབ་བརྒྱབ།
དེ་ཉིན་རྟ་ཕོས་འགྲུལ་བཞུད་ལྷག་མ་རྣམས་ལྗིད་ཏིག་ཏིག་གི་དོ་པོ་འཁུར་དགོས་བྱུང་། དེ་ནས་རྟ་ཕོ་དང་བོང་བུ་གཉིས་འཆམ་མཐུན་བྱུང་ཞིང་། ལས་དོན་ཡོངས་རྫོགས་མཉམ་དུ་སྒྲུབ་པར་བྱེད་དོ།།
༤༠) སྭ་མི་ཝི་ཝེ་ཀ་ནན་དཱ་མེ་འཁོར་ནང་སྐྱོད་པ།
ཐེངས་ཤིག་སྭ་མི་ཝི་ཝེ་ཀ་ནན་དཱ་མཆོག་མེ་འཁོར་ནང་འགྲུལ་བཞུད་གནང་བཞིན་པའི་སྐབས། མེ་འཁོར་གྱི་ཁང་མིག་དེ་རང་གི་མདུན་སྟེགས་ཐོག་བསྡད་ཡོད་པའི་བུ་མོ་འགའ་ཞིག་གིས་ཁོང་གི་གྱོན་གོས་ལ་བལྟས་ནས་ཡ་མཚན་སྐྱེས་པ་དང་། མཚམས་ཤིག་ནས་ཁོ་ཚོས་ཁོང་གི་ཕྱི་ཚུལ་དང་གྱོན་གོས་ལ་འཕྱ་སྨོད་བྱེད་འགོ་བརྩམས་པ་རེད།
བུ་མོ་དེ་ཚོས་ཁོང་ལ་ཀུ་རེ་བརྩེས་ནས་མགོ་སྐོར་ཞིག་གཏོང་ཐུབ་ན་སྤྲོ་སྣང་འཕེལ་གྱི་རེད་སྙམ་པ་དང་། ཁོང་གིས་ལག་འདོགས་ཆུ་ཚོད་ཅིག་བཏགས་གནང་ཡོད་པ་ལ་བལྟས་ནས།
“ཁྱོད་ཀྱི་ལག་འདོགས་ཆུ་ཚོད་དེ་ང་ཚོར་སྤྲོད་དགོས། དེ་མིན་ང་ཚོས་ཉེན་རྟོག་པར་ཁྱོད་ཀྱིས་ང་ཚོར་བརྙས་བཅོས་བྱས་བྱུང་ཞེས་རྩིས་སྤྲོད་བྱ་རྒྱུ་ཡིན།” ཞེས་སྨྲས།
སྭ་མི་མཆོག་ནས་ཁོ་ཚོའི་སྐད་ཆ་ཉན་རྗེས་ཁ་རོག་གེར་བཞུགས་ཤིང་འོན་པ་ཞིག་ཡིན་པའི་ཚུལ་བསྟན་གནང་། དེ་རྗེས་ཁོང་གིས་ཁོ་ཚོར་གང་བཤད་རྒྱུ་ཡོད་པ་ཚང་མ་ཤོག་བུའི་སྟེང་དུ་བྲི་དགོས་པའི་ལག་བརྡ་གནང་བ་རེད།
བུ་མོ་དེ་ཚོས་སྭ་མི་མཆོག་འོན་པ་ཞིག་རེད་འདུག་སྙམ་པས། སྐད་ཆ་དེ་དག་མ་ལུས་པར་ཤོག་བུའི་སྟེང་བྲིས་ཏེ་སྭ་མི་མཆོག་ལ་སྤྲད་་་་་་་་་་་་་།
ཤོག་བུ་དེ་ཕྱག་ལ་སོན་མ་ཐག་སྭ་མི་མཆོག་ནས་བུ་མོ་དེ་དག་ལ་གཟིགས་ཏེ། “ཉེན་རྟོག་པ་འབོད་རོགས་གནང་་་་་་་་། ངས་གནད་དོན་གཅིག་ཞུ་གཏུག་བྱ་དགོས།” ཞེས་གསུངས་པ་རེད།
Comments