སྒྲུང་ཐུང་བོད་སྒྱུར་མ། (༣༡ - ༣༥)

 


༣༡)  སྭ་མི་ཝི་ཝེ་ཀ་ནན་དཱ་(Swami Vivekananda) དང་ནག་མོ།


      སྭ་མི་ཝི་ཝེ་ཀ་ནན་དཱ་ནི་རཱ་མ་ཀྲི་ཤི་ན་པཱ་རམ་ཧམ་ས་མཆོག་གི་དགེ་ཕྲུག་ཅིག་རེད། ཁོང་ཕྱི་ལོ་ ༡༨༩༣ ལོར་ཨ་རི་ནིའུ་ཡོག་ལ་བསྐྱོད་པ་རེད། དེ་ནི་ཆི་ཀ་གོ་ནང་གོ་ལའི་ཆོས་ལུགས་ཡོངས་ཀྱི་གྲོས་ཚོགས་ལ་རྒྱ་གར་གྱི་རྣལ་འབྱོར་བ་བསྐྱོད་པ་ཐོག་མ་དེ་ཆགས་ཡོད། དེ་རྗེས་ཁོང་གིས་ཆོས་ཕྱོགས་ཀྱི་རླབས་ཤིག་ལང་དུ་བཅུག་ཡོད། དེ་ཡང་མི་རྣམས་ཀྱིས་བྱ་དངོས་གསར་པ་ཡོད་ཚད་ལ་འགོག་རྒོལ་བྱེད་པའི་སྐབས་དེར་ཁོང་ཕེབས་ནས་ཚད་ངེས་ཅན་ཞིག་གི་ཐོག་ནས་སྒོ་མོ་ཕྱེ་པ་རེད།


     རཱ་མ་ཀྲི་ཤི་ན་མཆོག་གིས་ཝི་ཝེ་ཀ་ནན་དཱ་ལ་བརྩེ་ཞེན་བྱེད་སྟངས་དེ་མི་འདྲ་བ་ཞིག་ཡོད། རྒྱུ་མཚན་ནི་ཝི་ཝེ་ཀ་ནན་དཱ་ཁོང་གི་འཕྲིན་གོ་ལ་རུ་བསྐྱེལ་བའི་ཐབས་ལམ་ཞིག་ཏུ་ངོས་འཛིན་བཞིན་ཡོད། དེ་ཡང་ལས་དོན་དེ་རཱ་མ་ཀྲི་ཤི་ན་སྐུ་ཉིད་ནས་སྒྲུབ་གནང་མི་ཐུབ་པས། ཝི་ཝེ་ཀ་ནན་དཱ་བརྒྱུད་ནས་བསྒྲུབ་ཐུབ་རྒྱུར་རེ་བ་བྱེད་བཞིན་ཡོད།


     རཱ་མ་ཀྲི་ཤི་ན་མཆོག་གི་མཐའ་འཁོར་གྱི་མི་ཚོས་ཁོང་གིས་ཝི་ཝེ་ཀ་ནན་དཱ་ལ་མཉེས་པོ་དེ་འདྲ་གནང་དོན་ཅི་ཡིན་ཤེས་ཀྱི་མེད། གལ་ཏེ་ཝི་ཝེ་ཀ་ནན་དཱ་ཉིན་གཅིག་ཁོང་མཇལ་དུ་མ་ཡོང་ན། རཱ་མ་ཀྲི་ཤི་ན་མཆོག་སྐུ་ཉིད་ཝི་ཝེ་ཀ་ནན་དཱ་འཚོལ་དུ་འགྲོ་གི་ཡོད། རྒྱུ་མཚན་ནི་ཁོང་གིས་ཕྲུ་གུ་དེ་ལ་རང་ཉིད་ཀྱི་མཁྱེན་ཡོན་བརྒྱུད་སྤྲོད་བྱ་བའི་དགོས་ངེས་ཀྱི་ཆ་རྐྱེན་ཚང་ཡོད་པ་མཁྱེན་ཀྱི་ཡོད་པས་རེད།  དེ་དང་ཕྱོགས་མཚུངས་ཝི་ཝེ་ཀ་ནན་དཱ་ཡང་རཱ་མ་ཀྲི་ཤ་ན་མཆོག་ལ་དུང་བ་ཟབ་མོ་ཡོད། ཁོང་གིས་ལས་ཀ་གང་ཡང་བཙལ་མེད། སྤྱིར་ན་ཁོང་དང་ལོ་ཚོད་མཉམ་པའི་མི་རྣམས་ཀྱིས་འཚོ་བའི་དོན་དུ་བྱ་བ་བསྒྲུབ་དགོས་ཀྱི་ཡོད་ཀྱང་ཁོང་གིས་དེ་ལྟར་མ་བྱས་པར་རཱ་མ་ཀྲི་ཤི་ན་མཆོག་གི་རྗེས་སུ་འབྲངས་པ་རེད། 


     ཝི་ཝེ་ཀ་ནན་དཱའི་སྐུ་ཚེའི་ནང་ཧ་ཅང་ངོ་མཚར་ཆེ་བའི་གནས་ཚུལ་ཞིག་བྱུང་བ་རེད། དེ་ཡང་ཁོང་གི་ཡུམ་ནད་ཀྱིས་མནར་ནས་མལ་སར་ལུས་ཡོད་པའི་སྐབས་ཤིག །ཁོང་གི་ཕྱག་ན་སྒོར་མོ་མེད་པས་ཡུམ་ལ་དགོས་ངེས་ཀྱི་སྨན་དང་ཞལ་ལག་འབུལ་མ་ཐུབ་པར་གྱུར། དེར་ཁོང་ཁོང་ཁྲོ་ཆེན་པོ་ལངས་པ་རེད། ཝི་ཝི་ཀ་ནན་དཱ་ལྟ་བུའི་སྐྱེ་བོ་ཞིག་ཁོང་ཁྲོ་ལངས་པ་ནི་དོན་དངོས་ཀྱི་ཁོང་ཁྲོ་ལངས་པ་རང་རེད། ཁོང་ཁྲོ་ལངས་ཀྱང་འགྲོ་སའི་གནས་གཞན་མེད་པས་རཱ་མ་ཀྲི་ཤི་ན་མཆོག་གི་དྲུང་དུ་བསྐྱོད་པ་རེད། 


   ཁོང་གིས་རཱ་མ་ཀྲི་ཤི་ན་མཆོག་ལ་“གང་བྱུང་དུ་བཤད་པའི་གཏམ་འཆལ་དེ་ཚོས་བདག་གང་ཞིག་ཏུ་འཁྲིད་ཀྱི་ཡོད་དམ། གལ་ཏེ་ངས་གླ་ཡོད་ཀྱི་བྱ་བ་ཞིག་གཉེར་ཡོད་ན། དེ་རིང་ངས་ཨ་མར་ལྟ་རྟོག་བྱ་ཐུབ་ངེས། ངས་ཁོ་མོར་ཟ་མ་སྦྱིན་ཐུབ་ངེས། ངས་ཁོ་མོར་སྨན་སྦྱིན་ཐུབ་ངེས། ངས་ཁོ་མོར་བདེ་སྐྱིད་སྦྱིན་ཐུབ་ངེས། ཆོས་ཟེར་བ་འདིས་བདག་གང་ཞིག་ཏུ་ཁྲིད་འདུག་གམ།” ཞེས་ཞུས།


    རཱ་མ་ཀྲི་ཤི་ན་ནི་ནག་མོ་ལ་དད་པ་བྱེད་མཁན་ཞིག་ཡིན་པས། ཁོང་གི་གཟིམ་ཤག་ཏུ་ནག་མོའི་མཆོད་ཁང་ཞིག་ཡོད་པ་རེད། ཁོང་གིས་ཝི་ཝེ་ཀ་ནན་དཱ་ལ་“ཁྱོད་ཀྱི་ཨ་མར་སྨན་དང་ཟས་རིགས་དགོས་སམ། དེ་ན་ཁྱོད་ཀྱིས་ཨ་མར་(ནག་མོ།)ཅི་ཕྱིར་ཞུ་རུ་མི་འགྲོ་བ་ཡིན་ནམ།” ཅེས་དྲིས་པ་ན། ཝི་ཝེ་ཀ་ནན་དཱས་དགོངས་ཚུལ་དེ་ལེགས་པོ་འདུག་དགོངས་ནས་མཆོད་ཁང་དུ་བསྐྱོད།


    ཆུ་ཚོད་གཅིག་ཙམ་རྗེས་སུ་ཁོང་མར་ཐོན་པ་དང་རཱ་མ་ཀྲི་ཤི་ན་མཆོག་ནས་“ཁྱོད་ཀྱིས་ཨ་མར་དངུལ་དང་། ཟས་རིགས། ད་དུང་གང་དགོས་ཚང་མ་ཞུས་པ་ཡིན་ནམ།” ཞེས་དྲིས།


     ཝི་ཝེ་ཀ་ནན་དཱས་“ཞུས་མེད། ངས་བརྗེད་འདུག” ཅེས་ཞུས།


     རཱ་མ་ཀྲི་ཤི་མཆོག་ནས་“བསྐྱར་དུ་སོང་ནས་ཞུས་ཤོག” ཅེས་གསུངས།


    ཝི་ཝེ་ཀ་ནན་དཱ་ཡང་བསྐྱར་མཆོད་ཁང་ནང་དུ་ཕེབས་ནས་ཆུ་ཚོད་གཅིག་ཙམ་རྗེས་ཕྱིར་ཐོན་ཡོང་བ་ན། རཱ་མ་ཀྲི་ཤི་ན་མཆོག་ནས་“ཁྱོད་ཀྱིས་ཨ་མར་ཞུས་ཡིན་ནམ།” ཞེས་དྲིས།


    ཝི་ཝེ་ཀ་ནན་དཱས་“ཞུས་མེད། ངས་བརྗེད་འདུག” ཅེས་ཞུས།


     རཱ་མ་ཀྲི་ཤི་མཆོག་ནས་“བསྐྱར་དུ་ནང་ལ་སོང་། ད་ལན་ཞུ་རྒྱུ་མ་བརྗེད་པ་བྱོས།” ཞེས་གསུངས།


     ཝི་ཝེ་ཀ་ནན་དཱ་ཡང་བསྐྱར་མཆོད་ཁང་ནང་དུ་ཕེབས་ཤིང་། ཕལ་ཆེར་ཆུ་ཚོད་བརྒྱད་ཙམ་བཞུགས་རྗེས་ཕྱི་ལ་ཐོན་ཕེབས། རཱ་མ་ཀྲི་ཤི་མཆོག་ནས་བསྐྱར་དུ་“ཁྱོད་ཀྱིས་ཨ་མ་ལ་ཞུས་ཡིན་ནམ།” ཞེས་དྲིས།


     ཝི་ཝེ་ཀ་ནན་དཱས་“ཞུས་མེད། ངས་ནམ་ཡང་ཞུ་རྒྱུ་མིན། ཞུ་བའི་དགོས་པ་ཡང་མི་འདུག” ཅེས་ཞུས།


     རཱ་མ་ཀྲི་ཤི་ན་མཆོག་ནས་“དེ་འདྲ་བྱས་ན་ཡག་པོ་འདུག །གལ་ཏེ་དེ་རིང་ཁྱོད་ཀྱིས་མཆོད་ཁང་ནང་དངོས་པོ་གང་རུང་ཞིག་དགོས་ཚུལ་ཞུས་ཡོད་ན། དེ་རིང་ནི་ངེད་གཉིས་བར་གྱི་ཉིན་མོ་ཆེས་མཐའ་མ་དེ་ཡིན་ངེས་ལ། ད་ནས་བདག་གིས་ཁྱོད་ཀྱི་གདོང་པ་ནམ་ཡང་མཐོང་མི་སྲིད། རྒྱུ་མཚན་ནི་གླེན་ལྐུགས་སློང་མཁན་ཞིག་གིས་མི་ཚེའི་གོ་དོན་རྟོགས་ཐུབ་ཅིང་། མི་ཚེའི་གཞི་རྩའི་དོན་སྙིང་ཡང་རྟོགས་ཐུབ་ཡོད་པ་མ་རེད།” ཅེས་གསུངས་པ་རེད།


     གསོལ་བ་འདེབས་པ་ནི་བྱང་ཚད་ངེད་ཅན་ཞིག་ཡིན་ཞིང་། གལ་ཏེ་ཁྱེད་རང་དད་པ་ཅན་ཞིག་ཏུ་གྱུར་ན། གལ་ཏེ་ཁྱེད་རང་ཕྱག་མཆོད་བྱེད་མཁན་ཞིག་ཏུ་གྱུར་ན། དེ་ནི་ཧ་ཅང་བཟང་བའི་དོན་དག་ཞིག་རེད། འོན་ཀྱང་གལ་ཏེ་ཁྱོད་ཀྱིས་རང་ཉིད་ཀྱི་འདོད་དོན་ཞིག་བསྒྲུབ་རྒྱུར་རེ་ལྟོས་བྱེད་བཞིན་གསོལ་བ་འདེབས་ཀྱི་ཡོད་ན། དེས་ཁྱོད་ཀྱི་འདོད་དོན་ངོ་མ་འགྲུབ་མི་སྲིད་དོ།།



༣༢)  འཇིགས་སྣང་ལ་གདོང་ལེན་བྱེད་པ།





     ཉིན་ཞིག་སྭ་མི་ཝི་ཝེ་ཀ་ནན་དཱ་མཆོག་ལྷ་མོ་དྷུར་གའི་ལྷ་ཁང་ནས་ཕྱིར་ལོག་ཕེབས་སྐབས་ཕེབས་ལམ་གུ་དོག་པོ་ཞིག་ནས་བྱོན་དགོས་བྱུང་བ་རེད། དེ་ཡང་ལམ་དེའི་ཕྱོགས་ཅིག་ལ་ཆུ་མཛོད་ཆེན་པོ་ཞིག་དང་། ཕྱོགས་གཞན་དེར་རྩིག་གྱང་མཐོ་པོ་ཞིག་ཡོད།


      སྭ་མི་མཆོག་ལམ་ལ་ཕེབས་བཞིན་པའི་སྐབས་སྤྲེའུ་ཁྱུ་ཞིག་ལམ་ཐོག་ལ་བསྡད་ཡོད་པ་གཟིགས། མཚམས་ཤིག་ནས་སྤྲེའུ་དེ་དག་གིས་སྭ་མི་མཆོག་གི་ཕེབས་ལམ་བཀག་ནས་ལམ་ཕྲན་དེ་ནས་བསྐྱོད་དུ་མ་འཇུག་པ་རེད། དེ་ཡང་སྭ་མི་མཆོག་གིས་གོམ་གང་མདུན་དུ་སྤོ་རྩིས་ནམ་གནང་རུང་། སྤྲེའུ་དེ་དག་གིས་འཛེར་སྒྲ་མང་པོ་སྒྲོག་བཞིན་ཁོང་ཁྲོའི་རྣམ་འགྱུར་བསྟན་ནས་ཁོང་གི་ཞབས་འགྲམ་དུ་ཚུར་མཆོང་ཡོང་གི་ཡོད།


       སྭ་མི་མཆོག་གིས་གོམ་པ་གང་མདུན་དུ་སྤོས་པ་དང་སྤྲེའུ་དེ་ཚོས་གོམ་པ་གང་གི་ཉེ་སར་བཅར་ཡོང་གི་ཡོད་པ་དང་། སྭ་མི་མཆོག་བྲོས་འགོ་བརྩམས་པ་དང་། སྤྲའུ་དེ་དག་གིས་འདེད་འགོ་རྩོམ་གྱི་ཡོད། སྭ་མི་མཆོག་ཇི་ཙམ་མགྱོགས་པོ་བྲོས་པ་དེ་ཙམ་གྱིས་སྤྲེའུ་བློ་སྟོབས་ཅུང་ཆེ་བ་དག་གིས་དེད་ནས་འཛིན་ཐབས་དང་རྨུགས་ཐབས་བྱེད་ཀྱི་ཡོད།


      མཚམས་ཤིག་ནས་སྭ་མི་མཆོག་གིས་ད་ནི་བྲོས་ཐུབ་ས་མ་རེད་ཨང་སྙམ་པའི་སྐབས། རྣལ་འབྱོར་བ་བགྲེས་པོ་ཞིག་གིས་སྐད་ཆེན་པོས་“ཁོ་ཚོར་ཁ་གཏད་གཅོག་དགོས།” ཞེས་སྨྲས།


    སྐད་ཆ་དེ་དག་གིས་སྭ་མི་མཆོག་ལ་དྲན་ཤེས་སྐྱེ་རུ་བཅུག་པ་དང་ཁོང་གིས་བྲོས་མཚམས་བཞག་སྟེ། ཁ་ཕྱིར་འཁོར་ནས་བློ་སྟོབས་ཆེན་པོས་སྤྲེའུ་དེ་དག་ལ་ཁ་གཏད་བཅག་གནང་བ་རེད།


   སྭ་མི་མཆོག་གིས་དེ་ལྟར་གནང་མ་ཐག་སྤྲེའུ་དེ་དག་གནས་དེ་ནས་ཕྱིར་བྲོས་ཕྱིན་པ་རེད།


*བསླབ་བྱ། “ང་ཚོས་དཀའ་ངལ་ལ་བློ་སྟོབས་ཆེན་པོས་གདོང་ལེན་བྱེད་དགོས་པ་ལས་གཡོལ་ཐབས་ནམ་ཡང་བྱ་མི་རུང་།”




 ༣༣) དཀོན་མཆོག་ཡོད་པའི་བདེན་དཔང་།


     ཝི་ཝེ་ཀ་ནན་དཱ་དགུང་ལོ་བཅུ་དགུ་ཡིན་སྐབས་སྤྱང་གྲུང་ལྡན་ཞིང་ཡོད་ཚད་གཏན་ཚིགས་དང་སྟུན་མཁན་ཞིག་རེད། ཁོང་གིས་ལས་དོན་ཡོངས་རྫོགས་ལ་རྒྱུ་མཚན་དང་ལྡན་པའི་ལན་འདེབས་རེ་ཡོང་རེ་གནང་གི་ཡོད། ཉིན་ཞིག་ཁོང་རཱ་མ་ཀྲི་ཤ་ན་མཆོག་གི་དྲུང་དུ་བཅར་ནས་“ཁྱེད་རང་གིས་ཉིན་ལྟར་དཀོན་མཆོག་དཀོན་མཆོག་ཅེས་འཆད་ཀྱི་འདུག །དཀོན་མཆོག་ཡོད་པའི་བདེན་དཔང་གང་དུ་ཡོད་དམ། ང་ལ་དཀོན་མཆོག་ཡོད་པའི་བདེན་དཔང་སྟོན་རོགས་གནང་།” ཞེས་ཞུས་པ་རེད། རཱ་མ་ཀྲི་ཤི་ན་མཆོག་ནི་ཁ་རེ་ཁར་ཐུག་ཅིག་ཡིན་ཞིང་།  དེང་རབས་སློབ་སྦྱོང་ཐོབ་པ་ཞིག་མིན་པར་བརྟེན་ཁོང་གིས་“བདེན་དཔང་ང་ཡིན།” ཞེས་གསུངས།


    ཝི་ཝེ་ཀ་ནན་དཱས་ཅི་ཞིག་བཤད་དགོས་པ་མི་ཤེས་པར་གྱུར། རྒྱུ་མཚན་ནི་ལན་དེ་ཁོང་ལ་མཚོན་ན་མགོ་ན་དགོས་པ་ཞིག་ཏུ་གྱུར་བས་རེད། ཁོང་གིས། “ དཀོན་མཆོག་ཡོད་པའི་བདེན་དཔང་ནི། ས་བོན་གྱིས་མྱུ་གུ་འབུས་པ་དང་། རྒྱུ་སྐར་གྱིས་འཁོར་སྐྱོད་བྱེད་པ་དག་རེད།” ཅེས་པ་ལྟ་བུའི་བློ་གྲོས་དང་ལྡན་པའི་འགྲེལ་བཤད་ཅིག་ལ་རེ་སྒུག་བྱས་པས་རེད། འོན་ཀྱང་རཱ་མ་ཀྲི་ཤ་མཆོག་གིས་“བདག་ནི་དཀོན་མཆོག་ཡོད་པའི་བདེན་དཔང་དེའོ།།” “ཇི་ལྟར་བདག་ཡོད་པ་ནི་དཀོན་མཆོག་ཡོད་པའི་བདེན་དཔང་ངོ་།།” ཞེས་བཤད་པ་ན། ཝི་ཝེ་ནན་དཱ་ཅི་བཤད་འདི་བཤད་མེད་པར་གྱུར་ནས་དེ་ནས་ཐོན་ཕྱིན།


   ཉིན་གསུམ་གྱི་རྗེས་སུ་ཁོང་ཕྱིར་ཡོང་ནས། “ཁྱེད་ཀྱིས་བདག་ལ་དཀོན་མཆོག་སྟོན་ཐུབ་བམ།” ཞེས་ཞུས་པར། རཱ་མ་ཀྲི་ཤི་ན་མཆོག་གིས་“ཁྱོད་ལ་བལྟ་རྒྱུའི་སྙིང་སྟོབས་ཡོད་དམ།” ཞེས་དྲིས་གནང་བ་རེད། ཝི་ཝེ་ཀ་ནན་དཱས་དཔའ་ངར་དང་བཅས། “ལགས་ཡོད།” ཅེས་ཞུས་པ་རེད། རྒྱུ་མཚན་ནི་སྐབས་དེར་གནད་དོན་དེས་ཁོང་ལ་གནོད་སྐྱོན་ཆེན་པོ་བཟོ་བཞིན་ཡོད་པ་རེད། དེར་རཱ་མ་ཀྲི་ཤ་མཆོག་གིས་ཞབས་གཡས་པ་ཝི་ཝེ་ཀ་ནན་དཱའི་བྲང་ཐོག་ཏུ་བཞག་སྟེ་“དཀོན་མཆོག་ནི་སེམས་ཅན་ཐམས་ཅད་ཀྱི་ནང་དུ་ཡོད། སུས་སེམས་ཅན་ལ་ཕན་པ་སྒྲུབ་པ་དེས་དཀོན་མཆོག་ལ་མཆོད་པ་བྱེད་བཞིན་ཡོད། ཁྱོད་ཀྱིས་ལེགས་པར་ལྟོས་དང་། ང་ཡང་དཀོན་མཆོག་རེད།” ཅེས་གསུངས་མ་ཐག་ཝི་ཝེ་ནན་དཱ་ཞི་གནས་སུ་ཞུགས་ཏེ་ཆུ་ཚོད་བཅུ་གཉིས་ཙམ་བཞུགས། དེའི་རྗེས་སུ་ཁོང་ལ་འགྱུར་བ་ཆེན་པོ་བྱུང་ནས་སྔར་གྱི་བུ་དེ་མ་ཡིན་པ་ལྟ་བུར་གྱུར་ཞིང་། དེ་ནས་ཁོང་གིས་དྲི་བ་དེ་ཡང་བསྐྱར་ནམ་ཡང་དྲིས་མ་མྱོང་ཟེར་རོ།།



༣༤)  རྒས་པོ་རི་འཛེགས་མཁན།


      ཐེངས་ཤིག་སྭ་མི་ཝི་ཝེ་ཀ་ནན་དཱ་ཧི་མ་ལ་ཡའི་རི་རྒྱུད་དུ་རི་འཛེགས་སུ་སྐྱོད་པའི་སྐབས། ལམ་བར་ནས་ངལ་དུབ་ཀྱིས་མནར་བའི་བགྲེས་སོང་ཞིག་རང་ཉིད་ཀྱི་མདུན་དུ་ཡོད་པའི་གྱེན་ལ་ལྟ་བཞིན་བསྡད་ཡོོད་པ་དང་འཕྲད།


      སྭ་མི་མཆོག་རྒད་པོ་དེའི་འགྲམ་དུ་ཕེབས་ནས་བཞེངས་ཏེ་བཞུགས་པ་རེད།


      བགྲེས་སོང་དེས་ཅི་བྱ་གཏོལ་མེད་དུ་གྱུར་པའི་རྣམ་འགྱུར་དང་བཅས་སྭ་མི་མཆོག་ལ་བལྟས་ནས་“སྭ་མི་ལགས། ད་དེ་ཇི་ལྟར་བརྒལ་དགོས་སམ། ད་ངས་གོམ་པ་གང་ཡང་སྤོ་ཐུབ་པ་མི་འདུག་་་་། གལ་ཏེ་ངས་གོམ་པ་གཅིག་སྤོས་ན་ངའི་བྲང་ཁོག་གས་ས་རེད་་་་་་་་།” ཅེས་ཞུས། 


        སྭ་མི་མཆོག་གིས་རྒས་པོར་ལེགས་པར་གཟིགས་རྗེས། “ཁྱོད་ཀྱི་རྐང་པར་མར་ལྟོས་དང་་་་། དེའི་འོག་ཏུ་ཡོད་པ་ནི་་་་་། ཁྱོད་ཀྱིས་ད་བར་བགྲོད་ཟིན་པའི་ལམ་བུ་རེད་་་་། དེ་བཞིན་ཁྱོད་ཀྱིས་ད་ལྟ་དཀའ་མོར་མཐོང་བའི་མདུན་ངོས་ཀྱི་ལམ་བུ་དེ་ཡང་མགྱོགས་མྱུར་ཁྱོད་ཀྱི་རྐང་འོག་ཏུ་ཡོང་གི་རེད།” ཅེས་གསུངས།


       སྭ་མི་མཆོག་གི་བཀའ་མོལ་དེས་རྒས་པོར་སྐུལ་མ་ཐེབས་ཏེ་ཁོ་པས་མུ་མཐུད་འགྲུལ་བཞུད་བྱས་པས་འགྲོ་ཡུལ་དུ་བདེ་བླག་ངང་ཐོན་ཐུབ་པ་བྱུང་ངོ་།། 


      སྭ་མི་མཆོག་གི་གསུང་གི་གོ་དོན་ནི། གལ་ཏེ་ཁྱེད་ཀྱིས་ལམ་ཐག་དེ་འདྲའི་རིང་པོ་བཅད་ནས་ཡོང་ཐུབ་ཡོད་ན། ཁྱོད་ཀྱིས་དེ་ལྟར་ཡང་ནས་ཡང་དུ་འགྲོ་ཐུབ་ངེས་་་་། སྐྱེ་བོ་ཞིག་ལ་ཧུར་བརྩོན་དང་སྔར་བྱ་བ་དེ་བསྒྲུབས་པའི་ཉམས་མྱོང་ཡོད་ན་ལས་དོན་དེ་གེགས་མེད་ངང་མངོན་འགྱུར་ཡོང་ཐུབ་ཅེས་པའོ།།

  

      

༣༥) ཞི་བདེ་འཚོལ་ཐབས།




      ཉིན་ཞིག་ལ། སྐྱེ་བུ་གཅིག་སྭ་མི་ཝི་ཝེ་ཀ་ནན་དཱ་མཆོག་གི་དྲུང་དུ་བཅར་ཏེ། “སྭ་མི་མཆོག །གུས་པ་གྲོང་ཚོ་འདིར་ཆེད་མངགས་སྐུ་ཉིད་མཇལ་དུ་ཡོང་པ་ཡིན། གུས་པས་ད་བར་ཡོད་ཚད་བློས་གཏོང་བྱས་ཀྱང་ཞི་བདེ་ཐོབ་མ་བྱུང་།”


      “རྒྱུན་དུ་གུས་པའི་སེམས་གཡེང་ནས་ལས་དོན་གཅིག་གི་ཐོག་བློ་རྩེ་གཏོད་ཐུབ་ཀྱི་མི་འདུག  །བླ་ཆེན་ཁག་མང་པོ་མཇལ་དུ་བསྐྱོད་པ་ཡིན། འོན་ཀྱང་ད་བར་ཐབས་ཤེས་གཅིག་ཀྱང་རྙེད་མ་བྱུང་།” ཞེས་ཞུས་པ་རེད།


      སྭ་མི་ཝི་ཝེ་ཀ་ནན་དཱ་མཆོག་གིས་མི་དེ་ལ་ལེགས་པར་གཟིགས་རྗེས། “ཁྱོད་ཀྱིས་ངོ་མ་ཞི་བདེ་འདོད་ཀྱི་འདུག་གམ།” ཞེས་བཀའ་འདྲི་གནང་བར།


      སྐྱེ་བུ་དེས་སྐྱོ་བའི་ངག་དང་བཅས། “ལགས་་་་་་་འདོད་ཀྱི་འདུག །དེའི་ཆེད་དུ་གུས་པ་ཁྱེད་ཀྱི་དྲུང་དུ་བཅར་བ་ཡིན།” ཞེས་ཞུས།


     སྭ་མི་མཆོག་གིས་ཞལ་འཛུམ་ཙམ་གནང་ནས། “ལགས་སོ། །བྱས་ན་བདག་ལ་ཁྱོད་ལ་ཕན་པའི་ཐབས་ལམ་ཞིག་ཡོད། འོན་ཀྱང་ཁྱོད་ཀྱིས་དེ་ཀར་ཀོར་ཅི་ཡང་མེད་པར་བསྒྲུབ་དགོས། བསྒྲུབ་ཐུབ་བམ།” ཞེས་བཀའ་འདྲི་གནང་། 


     སྐྱེ་བུ་དེས་མོས་མཐུན་བྱས་་་་་་་་་་་་་་་།


     དེ་ནས་སྭ་མི་མཆོག་གིས་སྐྱེ་བུ་དེར། “ཁྱོད་རང་ཕྱི་ལ་ནམ་སྐྱོད་པའི་སྐབས། མི་ལྟོགས་པ་ཞིག་དང་འཕྲད་ན། དེ་ལ་ཟས་སྦྱིན་དགོས། སྐོམ་གྱིས་མནར་བ་ཞིག་དང་འཕྲད་ན། དེ་ལ་ཆུ་སྦྱིན་དགོས། གྱོན་གོས་ཀྱིས་ཕོངས་པ་ཞིག་དང་འཕྲད་ན། དེ་ལ་གྱོན་གོས་སྦྱིན་དགོས།”


     “གལ་ཏེ་ཁྱོད་ཀྱིས་ནད་པ་ཞིག་མཐོང་ན། དེ་ལ་སྨན་སྦྱིན་དགོས། དཀའ་སྡུག་མྱོང་བཞིན་པ་ཞིག་མཐོང་ན། དེ་ལ་སེམས་གསོ་གཏོང་དགོས། དེ་ལྟར་བྱས་ན། ད་གཟོད་ཁྱོད་ལ་བདེ་སྐྱིད་ཐོབ་ངེས། དེས་ཁྱོད་ལ་ཞི་བདེ་སྦྱིན་ཐུབ་རྒྱུ་རེད། དེ་ནི་འཚོ་བའི་ཁྲོད་ནས་ཞི་བདེ་འཚོལ་བའི་ཐབས་ལམ་སླ་ཤོས་དང་སྟབས་བདེ་ཤོས་དེ་རེད།” ཅེས་གསུངས་པ་རེད།


     ཐོག་མར་སྐྱེ་བུ་དེས་དེ་ལྟར་བྱ་རྒྱུ་སྟབས་མི་བདེ་བ་ལྟ་བུ་ཞིག་ཚོར་ཡང་། སྭ་མི་མཆོག་ལ་ཁས་ལེན་ཞུས་ཡོད་སྟབས་ཁོས་བསམ་བློ་གང་ཡང་མ་བཏང་བར་དེ་དག་ཐམས་ཅད་བསྒྲུབས་པ་རེད། དེ་ལྟར་སྒྲུབ་ཀྱིན་ཉིན་གཅིག་སོང་། གཉིས་སོང་། མཐའ་མ་འཚོ་བའི་ཁྲོད་ནས་ཞི་བདེ་རྙེད་ཐུབ་པ་བྱུང་ངོ་།།


Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།