སྒྲུང་ཐུང་བོད་སྒྱུར་མ། (༢༦-༣༠)
༢༦) བྱམས་བརྩེའི་ཕྲེང་བ།
ཉིན་གཅིག་ལ་སྐྱེས་པ་ཞིག་གིས་རྒས་མོ་ཞིག་གི་སྣུམ་འཁོར་ལམ་ཟུར་དུ་འགགས་ནས་བསྡད་ཡོད་པ་མཐོང་།
ཁོ་པས་རྒས་མོ་དེར་རོགས་རམ་བྱ་རྒྱུའི་ཆེད་རང་ཉིད་ཀྱི་སྣུམ་འཁོར་པོན་ཌེག་ཅན་དེ་རྒས་མོའི་སྣུམ་འཁོར་མར་སི་དྷེ་སི་དེའི་འགྲམ་དེར་བཀག་ནས་ཕྱིར་ཐོན།
རྒས་མོ་དེས་ཐོག་མར་ཁོའི་མདོག་ཉེས་པའི་ཕྱི་ཚུལ་དེ་མཐོང་བས་སྐྲག་ནས་ཚ་གི་ཚི་གེར་གྱུར་བ་རེད།
སྐྱེས་པ་དེས་རྒས་མོ་སྐྲག་པ་རྟོགས་པས་སེམས་ཆུང་ངང་མོའི་ཉེ་སར་བཅར་ནས་རྒས་མོ་དེ་ལྷིང་འཇགས་སུ་འཇུག་ཐབས་བྱས།
ཁོ་པས་རྒས་མོར་ “སེམས་ཁྲལ་མ་བྱེད། ངའི་མིང་ལ་བེ་རན་ཨན་ཌར་སན་ཟེར་གྱི་ཡོད། ང་ཁྱེད་ལ་རོགས་རམ་བྱེད་དུ་ཡོང་བ་ཡིན།” ཞེས་བཤད།
ཁོ་པས་རྒས་མོའི་སྣུམ་འཁོར་གྱི་འགྱིག་འཁོར་ཕུ་ཤོར་བ་དེ་བཟོ་འགོ་བརྩམས། འཁོར་ལོ་བཟོ་སྐབས་ཁོ་པའི་གྱོན་གོས་ཡོངས་རྫོགས་བཙོག་པར་གྱུར་བ་དང་རྨས་སྐྱོན་ཡང་ཅུང་ཙམ་ཕོག་པ་རེད།
ཁོས་འགྱིག་འཁོར་བཟོས་ཚར་རྗེས་རྒས་མོ་དེས་ཁོ་པར་སྒོར་ག་ཚོད་སྤྲོད་དགོས་མིན་དྲིས་པར། ཁོས་རྒས་མོར་ “ང་ལ་སྒོར་མོ་མི་དགོས། གལ་ཏེ་ཁྱེད་ཀྱིས་དངོས་གནས་ང་ལ་དྲིན་ལན་འཇལ་འདོད་ཡོད་ཚེ། དགོས་མཁོ་ཡོད་པའི་མི་གཞན་ལ་བྱམས་བརྩེ་བརྒྱུད་སྤྲོད་གནང་རོགས།”ཞེས་བཤད།
དེའི་དགོང་དྲོར་རྒས་མོ་དེས་ཟ་ཁང་ཆུང་ཆུང་ཞིག་གི་མདུན་ལ་སྣུམ་འཁོར་བཀག་སྟེ་ཟ་མ་ཟོས། ཁོ་མོར་ཞབས་འདེགས་ཞུ་མཁན་ཞབས་ཞུ་མ་དེ་ནི་ཧ་ཅང་ཐང་ཆད་པའི་བུད་མེད་སྦྲུམ་མ་ཞིག་རེད། བུད་མེད་དེ་ཐང་ཆད་པ་མངོན་གསལ་ཡིན་མོད། འོན་ཀྱང་མོ་ནི་གཤིས་རྒྱུད་བཟང་པོ་དང་མཛའ་བརྩེ་ལྡན་པ་ཞིག་རེད།
རྒས་མོ་དེ་ “ཉིན་གང་པོའི་ལས་དོན་གྱིས་ཐང་ཆད་པའི་མི་ཞིག་གིས་ད་དུང་ཁོ་མོ་ལ་དེ་འདྲའི་མཛའ་མཐུན་དང་བྱམས་བརྩེ་ཇི་ལྟར་བྱེད་ཐུབ་ཀྱི་ཡོད་དམ” སྙན་ནས་འདང་རྒྱག་ནང་ལྷུང་།
དེ་ནས་རྒས་མོ་དེས་བེ་རན་དྲན་གསོས། ཁོ་མོས་ཟ་མ་ཟོས་ཚར་རྗེས་བུད་མེད་དེར་ཟས་རིན་ཆེད་ཨ་སྒོར་བརྒྱ་བྱིན། བུད་མེད་ཞབས་ཞུ་མ་དེ་དངུལ་སིལ་མ་བརྗེ་རུ་སོང་བ་དང་། ཁོ་མོ་ཕྱིར་འཁོར་དུས་རྒས་མོ་དེ་བུད་ཟིན།
རྒས་མོས་ཤོག་བུའི་ཐོག་ཡིག་ཆུང་ཞིག་བཞག་ཡོད་ཅིང་། དེའི་ནང་ “ཁྱོད་ཀྱིས་བདག་ལ་ཅི་ཡང་ཆད་མེད། ད་ལྟ་ངས་ཁྱོད་ལ་རོགས་རམ་བྱས་པ་བཞིན་སྔོན་མ་མི་ཞིག་གིས་ང་ལ་རོགས་པ་བྱས་བྱུང་། གལ་ཏེ་ཁྱོད་ཀྱིས་དངོས་གནས་ང་ལ་དྲིན་ལན་འཇལ་འདོད་ན་བྱམས་བརྩེའི་ཕྲེང་བ་འདི་ཁྱོད་ནས་མཇུག་སྒྲིལ་དུ་འཇུག་མི་རུང་།” ཞེས་བྲིས་ཡོད།
ཞབས་ཞུ་མ་དེར་ད་དུང་ཤོག་བུའི་འོག་ཏུ་བཞག་ཡོད་པའི་ཨ་སྒོར་བཞི་བརྒྱ་ཡང་ཐོབ།
ཉིན་དེའི་དགོང་དྲོར། ཞབས་ཞུ་མ་དེ་སྔ་པོ་ནས་ཁྱིམ་དུ་ལོག་ཅིང་། མོས་རྒས་མོ་དེ་དང་མོས་བཞག་པའི་སྒོར་མོ་དེ་དག་གི་ཐོག་བསམ་བློ་བཏང་། མོས་རྒས་མོ་དེས་ཁོ་ཚོར་སྒོར་མོ་འདི་ཙམ་ཞིག་དགོས་པ་ཇི་ལྟར་ཤེས་པ་ཡིན་མིན་སྐོར་འདང་བརྒྱབ་པ་རེད།
ཁོ་མོས་རང་ཉིད་ཀྱི་ཁྱོ་གས་སེམས་ཁུར་བྱེད་ཀྱི་ཡོད་པ་དྲན་ནས་ཁོ་པར་སེམས་ཁྲལ་ལངས། ད་དུང་ཁྱོ་གར་གནས་ཚུལ་བཟང་པོ་དེ་བཤད་འདོད་ཀྱིས་སྒུག་ཚོད་མི་ཐུབ་པར་གྱུར།
་་་་་་་་་་་་་་་་་་་་་་་་
ཁྱོ་ག་ཐུག་མ་ཐག་མོས་ཁོ་ལ་འོ་ཞིག་བྱས་ནས་སྐད་ཤུགས་དམའ་བོས་ “ད་ཡོད་ཚད་འགྲིག་འགྲོ་གི་རེད། ‘བེ་རན་ཨན་ཌར་སན།’ ང་ཁྱོད་ལ་དགའ།” ཞེས་བཤད་དོ།།
༢༧) ལམ་བུ།
ཐེངས་ཤིག་སྐྱེས་པ་ལྔ་ནགས་ཚལ་མཐུག་པོ་ཞིག་གི་ནང་དུ་སླེབས་རྗེས་འགྲོ་ལམ་བརླགས་པ་རེད། སྐབས་དེར་སྐྱེས་པ་དང་པོ་དེས་“ང་གཡོན་ཕྱོགས་སུ་འགྲོ་རྒྱུ་ཡིན། རྒྱུ་མཚན་ནི་ངའི་རིག་ཤེས་ཀྱིས་བསྐུལ་བས་ཡིན།”ཞེས་བརྗོད།
སྐྱེས་པ་གཉིས་པ་དེས་“ང་རང་གཡས་སུ་འགྲོ་རྒྱུ་ཡིན། རྒྱུ་མཚན་ནི་གཡས་ཕྱོགས་ནི་‘གཡས་’ཞེས་པའི་ཚིག་འབྲུ་ཡང་དག་པ་ལས་བྱུང་བ་ཡིན།”ཞེས་བཤད།
སྐྱེས་པ་གསུམ་པས་“ང་ནི་ང་ཚོ་གང་ནས་ཡོང་བའི་ལམ་དེར་ཕྱིར་འགྲོ་རྒྱུ་ཡིན།”ཞེས་བཤད།
བཞི་པ་དེས་“ང་ནི་ཐད་ཀར་འགྲོ་རྒྱུ་ཡིན། གང་ཡིན་ཟེར་ན། ང་ཚོས་མདུན་སྐྱོད་བྱ་དགོས། མདུན་སྐྱོད་བྱས་ན་ནགས་ཚལ་འདི་མཇུག་བསྒྲིལ་རྒྱུ་དང་། ང་ཚོ་ས་ཆ་གསར་པ་ཞིག་ཏུ་བསླེབ་ཐུབ་ཀྱི་རེད།”ཅེས་བཤད།
ལྔ་པ་དེས།“ཁྱོད་ཚོ་ཚང་མ་ནོར་སོང་། ཐབས་ལམ་གསར་པ་ཞིག་ཡོད་ངེས། ང་ལ་སྒུག་ཨ།” ཞེས་བརྗོད་ནས། གཞན་རྣམས་རང་རང་གི་ལམ་དུ་ཆས་པའི་གནས་རྙེད་ཆེད་ཤིང་སྡོང་མཐོ་ཤོས་དེའི་སྟེང་འཛེགས།
མཐོ་ས་ནས་ཁོ་པས་ནགས་ཚལ་ལས་ཕྱིར་འཐོན་པའི་ལམ་ཐག་ཐུང་ཤོས་དེ་མཐོང་བ་དང་། ཁོས་ད་དུང་སྐྱེས་པ་གཞན་རྣམས་ནགས་ཚལ་ལས་གོ་རིམ་ཇི་ལྟར་ཕྱིར་འཐོན་རྒྱུ་ཡིན་པ་ཡང་མཐོང་བ་རེད། ཁོ་པས་དཀའ་ངལ་རྟོགས་པ་མ་ཟད། ཕྱིར་ཐོན་པའི་ལམ་བཟང་ཤོས་དེ་ཡང་རྙེད་པ་རེད།
ཁོས་རང་ཉིད་ཀྱིས་བྱས་པ་ཚང་མ་འགྲིག་པ་དང་། གཞན་རྣམས་ནོར་བར་སྙམ་ཞིང་། ཁོ་ཚོ་ཨུ་ཚུགས་ཆེ་བས་ཁོ་པར་མ་ཉན་པ་དང་། ཁོ་པ་ནི་དངོས་གནས་བློ་གྲོས་དང་ལྡན་པའི་མི་དེ་ཡིན་སྙམ།
འོན་ཀྱང་ཁོ་པ་ནོར་སོང་། དོན་དངོས་སུ་གྲོགས་པོ་ཚང་མ་འགྲིག་པ་རེད། ཁོ་ཚོ་ཚང་མ་བློ་གྲོས་དང་ལྡན་པ་རྐྱང་རེད།
གཡོན་ཕྱོགས་སུ་སོང་བའི་མི་དེ་ཤིང་ནགས་མཐུག་ཤོས་སུ་ཐོན་པ་དང་། ཁོ་པ་ལྟོགས་སྐོམ་གྱིས་མནར་བས་རི་སྐྱེས་སྲོག་ཆགས་དང་འཐབ་འཛིང་མི་བྱེད་ཀ་མེད་བྱུང་། འོན་ཀྱང་ཁོས་ནགས་ཚལ་དུ་ཇི་ལྟར་འཚོ་གནས་བྱེད་དགོས་མིན་ཤེས་རྟོགས་བྱུང་ཞིང་། ནགས་ཚལ་གྱི་ཆ་ཤས་ལྟ་བུར་གྱུར་ནས་མི་གཞན་ལ་ཡང་སློབ་སྟོན་བྱེད་ཐུབ་པ་བྱུང་།
གཡས་ཕྱོགས་སུ་སོང་བའི་མི་དེའི་ཅ་དངོས་ཡོངས་རྫོགས་ཇག་པས་བཅོམ་ཞིང་། ཁོ་ཚོ་དང་མཉམ་འབྲེལ་བྱེད་དུ་བཅུག་པ་རེད། འོན་ཀྱང་དུས་ཡུན་ངེས་ཅན་ཞིག་འགོར་རྗེས་ཁོས་རྐུན་མ་རྣམས་ལ་ཁོ་ཚོས་བརྗེད་ཟིན་པའི་དངོས་པོ་སྟེ་འགྲོ་བ་མིའི་རིགས་ཀྱི་རང་གཤིས་དང་བྱམས་དང་སྙིང་རྗེ་དྲན་སྐུལ་བྱེད་ཐུབ་ཡོད།
ཕྱིར་ལོག་ཕྱིན་པའི་མི་དེས་ནགས་ཚལ་དེ་བརྒྱུད་ནས་ལམ་ཕྲན་ཞིག་གསར་བཏོད་བྱས་ཤིང་། མི་འགྱང་བར་ལམ་དེ་ནགས་ཚལ་ལ་འགྲོ་འདོད་པའི་མི་རྣམས་ལམ་ནོར་ཐེབས་པར་སྐྲག་མི་དགོས་པར་ཤར་སྐྱོད་ཐུབ་པའི་ལམ་བུ་ཞིག་ཏུ་གྱུར།
ཐད་ཀར་སོང་བའི་མི་དེ་གསར་གཏོད་པ་ཞིག་ཏུ་གྱུར་ཅིང་། སྔོན་ཆད་སུ་ཡང་འགྲོ་མྱོང་མེད་པའི་ས་གནས་སུ་ཕྱིན་ཏེ། མི་གཞན་ལ་གོ་སྐབས་གསར་པ་བསྐྲུན།
ཤིང་སྡོང་རྩེར་འཛེགས་མཁན་མི་དེ་ལམ་སྟོན་པ་ཞིག་ཏུ་གྱུར་ཅིང་། མི་རྣམས་ཀྱིས་དཀའ་རྙོག་དག་ལས་ཆོད་ཆེ་ཤོས་ཀྱི་ལམ་ནས་བསྒྲུབ་ཐུབ་རྒྱུའི་ཆེད་ཁོའི་འགྲམ་དུ་ལམ་སྟོན་ཞུ་རུ་ཡོང་གི་ཡོད།
མདོར་ན་སྐྱེས་པ་ལྔ་པོས་རང་རང་གི་རིག་ཤེས་ལ་ཉན་ནས་སོ་སོའི་ལས་དབང་རེ་རེ་བསྐྲུན་ཐུབ་པ་བྱུང་ཡོད། ཁྱོད་ཀྱིས་ཀྱང་དེ་ལྟར་རང་ཉིད་ཀྱི་འགྲོ་ལམ་གསར་གཏོད་བྱ་ཐུབ་བོ།།
༢༨) ཤྭ་བ་བློ་ལྡན་དང་སྟག་སྡར་མ།
རི་བོ་ཞིག་གི་གཞོགས་ན་ནགས་ཚལ་སྟུག་པོ་ཞིག་ཡོད། དེར་སྲོག་ཆགས་སྣ་མང་འཚོ་བ་རོལ་བཞིན་མཆིས་ཤིང་། ཤྭ་མོ་ཞིག་རང་གི་ཕྲུ་གུ་གཉིས་དང་ལྷན་རྩ་ཟ་བཞིན་གནས་ཡོད། ཐེངས་ཤིག་ཤྭ་ཕྲུག་དེ་གཉིས་མཆོང་རྒྱུག་བྱེད་པ་ན་ཤྭ་མོ་དེས་དེ་དག་གི་རྗེས་འདེད་ནས་སོང་།
ཤྭ་ཕྲུག་ཆུང་ཆུང་དེ་དག་བྲག་ཕུག་ཅིག་གི་ནང་དུ་འཛུལ་བ་དང་། ཤྭ་མོ་དེ་འཇིགས་སྐྲག་ཆེན་པོ་སྐྱེས་པ་རེད། རྒྱུ་མཚན་ནི་བྲག་ཕུག་དེ་སྟག་གི་བྲག་ཕུག་རེད། བྲག་ཕུག་དེའི་ནང་སྲོག་ཆགས་ཤི་བའི་རུས་པས་ཁེངས་ཡོད། སྟབས་ལེགས་པ་ཞིག་ལ་སྐབས་དེར་སྟག་བྲག་ཕུག་ནང་ན་བསྡད་མེད།
ཤྭ་མོས་ཕྲུ་གུ་གཉིས་བྲག་ཕུག་ནས་ཕྱི་ལ་འཁྲིད་རྩིས་བྱེད་སྐབས། ཕྱི་ཕྱོགས་ནས་ངར་སྐད་ཆེན་པོ་ཞིག་གྲགས་འོང་བ་ཐོས་པ་དང་། སྟག་ཅིག་ཐག་རིང་ནས་བྲག་ཕུག་ཕྱོགས་ལ་ཡོང་བཞིན་པ་ཡང་མཐོང་། ཕྱི་ལ་འཐོན་རྒྱུ་ཉེན་ཁ་ཆེ་བས་མོས་འཆར་གཞི་ཞིག་སེམས་ལ་དྲན་པ་རེད། དེ་ཡང་མོས་སྟག་དེ་བྲག་ཕུག་དང་ཐག་ཉེ་སར་སླེབས་པ་དང་། སྐད་གསང་མཐོན་པོས་“ངའི་གཅེས་ཕྲུག་ཚོ། ཁྱོད་ཚོས་ངུ་མི་དགོས། ངས་ཁྱེད་ཚོར་ཟ་མའི་ཆེད་དུ་སྟག་ཅིག་བཟུང་ཆོག”ཅེས་སྐད་བརྒྱབ་པ་རེད།
སྟག་དེ་སྐད་ཆ་དེ་དག་གོ་རྗེས་བློ་མི་བདེ་བར་གྱུར་ནས་ཁོ་པས་རང་ཉིད་ལ། “ཕུག་པ་ནས་གྲགས་ཡོང་བའི་སྐད་སྒྲ་ཡ་མཚན་ཅན་དེ་སུ་ཞིག་གི་ཡིན་ནམ། སེམས་ཅན་གདུག་པ་ཅན་ཞིག་གིས་ང་འཛིན་དགོས་སྙམ་ནས་ནང་ལ་བསྡད་ཡོད་པ་འདྲ། ང་རང་མྱུར་མོར་བྲོས་ན་འཆི་བ་ལས་ཐར་ངེས་ཡིན།” ཞེས་བཤད།
དེ་ལྟར་བཤད་རྗེས་སྟག་དེ་གང་མགྱོགས་ཅི་མགྱོགས་ཀྱིས་བྲོས་འགོ་བརྩམས།
ཁྱི་སྤྱང་ཞིག་གིས་སྟག་བྲོས་ཡོང་བ་མཐོང་ནས། “ཁྱོད་དེ་ལྟར་སྐྲག་སྣང་དང་བཅས་བྲོས་ཡོང་དོན་ཅི་ཡིན་ནམ།” ཞེས་དྲིས་པ་ན། སྟག་གིས་“བདག་གི་གྲོགས་པོ། སྟོབས་ཤུགས་ཆེ་ཞིང་གདུག་རྩུབ་ཆེ་བའི་སྲོག་ཆགས་ཤིག་ངའི་བྲག་ཕུག་ནང་བསྡད་འདུག །སྲོག་ཆགས་དེའི་ཕྲུ་གུ་དེ་ཚོས་སྟག་ཅིག་བཟའ་དགོས་ཟེར་ནས་ངུ་བཞིན་འདུག་ལ། ཨ་མ་དེས་ཁོ་ཚོར་སྟག་ཅིག་གཟུང་རྒྱུའི་ཁས་ལེན་བྱེད་བཞིན་འདུག །བྱས་ཙང་ང་རང་སྐྲག་སྟེ་བྲོས་ཡོང་པ་ཡིན།” ཞེས་བཤད།
གཡོ་རྒྱུ་ཅན་གྱི་ཁྱི་སྤྱང་དེས་ད་གཟོད་སྟག་དེ་སྡར་མ་ཞིག་ཡིན་པ་ངེས་ཤེས་རྙེད་པས། ཁོ་པས་སྟག་ལ་“ཁྱོད་རང་སྐྲག་མི་དགོས། སྲོག་ཆགས་ཇི་འདྲ་ཞིག་ཡིན་རུང་སྟག་ལས་གཏུམ་དྲག་ཆེ་བ་དང་སྟོབས་ཤུགས་ཆེ་བ་མེད། ང་ཚོ་མཉམ་དུ་རྩད་གཅོད་བྱེད་དུ་འགྲོ།” ཞེས་བཤད།
འོན་ཀྱང་སྟག་གིས་“ང་ནི་ཉེན་ཁ་ཅན་གྱི་ལས་དོན་དེ་འདྲ་བྱ་འདོད་མེད། ཕ་གིར་སླེབས་དུས་ཁྱོད་རང་བྲོས་འགྲོ་གི་རེད་པ། ང་གཅིག་བུར་འཆི་རྒྱུར་ལྷག་གི་རེད། དེར་བརྟེན་ང་ཁྱོད་དང་མཉམ་དུ་འགྲོ་རྒྱུ་མིན།”ཟེར།
ཁྱི་སྤྱང་གིས་“ང་ལ་ཡིད་ཆེས་བྱོས་དང་། ངེད་གཉིས་ཀྱིས་མཇུག་མ་མཉམ་དུ་མདུད་པ་བརྒྱབ་ཆོག །དེ་ལྟར་བྱས་ན་ངས་ཁྱོད་རང་བསྐྱུར་ནས་འཇོག་ཐུབ་རྒྱུ་མ་རེད།”ཅེས་བརྗོད།
སྟག་གིས་ཁོའི་བསམ་འཆར་དེ་ལ་འཐད་པོ་དེ་ཙམ་མ་བྱུང་ཡང་ཁས་ལེན་བྱས། ཁྱི་སྤྱང་གིས་ཁོ་གཉིས་ཀྱི་མཇུག་མ་མདུད་པ་བརྒྱབ་པ་དང་། ད་གཟོད་ཁོ་གཉིས་མཉམ་དུ་བྲག་ཕུག་གི་ཕྱོགས་སུ་བསྐྱོད།
ཤྭ་བ་དེས་ཁྱི་སྤྱང་དང་སྟག་གཉིས་མཉམ་དུ་ཡོང་བཞིན་པ་མཐོང་བས། ཁོ་མོས་ཡང་བསྐྱར་སྐད་ཤུགས་ཇེ་མཐོར་བཏང་ནས་བྲག་ཕུག་ནང་ལ་ལངས་ནས་བསྡད་ཡོད་པའི་ཤྭ་ཕྲུག་ལ་“ཕྲུ་གུ་ཚོ། ངས་སྤྱང་གྲུང་ལྡན་པའི་གྲོགས་པོ་ཁྱི་སྤྱང་ལ་སྟག་ཅིག་གཟུང་རྒྱུར་མངགས་ཡོད། ད་ལྟ་ཕལ་ཆེར་ཁོང་གིས་སྟག་ཅིག་བཟུང་ཡོད་ས་རེད། ཁོང་གིས་སྟག་དེ་བྲོས་མ་ཐུབ་པའི་ཆེད་ཁོ་རང་གི་མཇུག་མ་ལ་བཏགས་ནས་ཡོང་གི་འདུག །ཁྱེད་ཚོས་མགྱོགས་པོ་སྟག་ཤའི་དགོང་ཟས་བཟའ་ཐུབ་རྒྱུ་རེད།” ཅེས་སྐད་བརྒྱབ།
སྟག་གིས་སྐད་ཆ་དེ་གོ་རྗེས་ཧ་ལས་པ་དང་། ད་གཟོད་ཁྱི་སྤྱང་གིས་ཁོ་པར་མགོ་སྐོར་གཡོགས་པ་ངེས་སྙམ་ཞིང་བྲོས་རྒྱུ་ཐག་བཅད། ཁོ་བྲོས་འགོ་བརྩམས་པ་དང་ཁྱི་སྤྱང་མཉམ་དུ་ཡོད་པ་རྦད་དེ་བརྗེད་པ་རེད། ཁོ་པས་ཁྱི་སྤྱང་བྲག་རྡོ་དང་ཚེར་མའི་དཀྱིལ་དུ་དྲུད་ཅིང་། སྨྱོན་པ་ལྟ་བུས་བྲོས་བྱོལ་བྱས་པ་ན། མཚམས་ཤིག་ལ་མཉམ་དུ་དྲུད་ཡོང་བའི་ཁྱི་སྤྱང་དེ་ཕ་བོང་ཆེན་པོ་གཉིས་ཀྱི་བར་འཁར། སྟག་གིས་ནུས་ཤུགས་གང་ཡོད་ཀྱིས་འཐེན་པ་ན་ཁོ་པའི་མཇུག་མ་ཆད་པ་རེད། དེར་བརྟེན་ཁྱི་སྤྱང་དེ་དོན་རྐྱེན་དེའི་ཁྲོད་དུ་ཚེ་སྲོག་ཤོར་ཞིང་། དེ་ནས་མཇུག་མ་མེད་པའི་སྟག་དེ་ནགས་ཚལ་གྱི་ཕྱོགས་གཞན་ཞིག་ཏུ་བྲོས་སོང་བ་རེད།
ཤྭ་བ་དང་མོའི་ཕྲུ་གུ་རྣམས་སྟག་གི་བྲག་ཕུག་དེ་དང་ཁ་བྲལ་ཞིང་། ཁོ་ཚོ་བདེ་འཇགས་ངང་ཤྭ་བའི་ཁྱུ་ཚོགས་ལ་ཞུགས་ཐུབ་པ་བྱུང་ངོ་།།
༢༩) གླེན་རྟགས་ཆེ་བའི་ལད་མོ།
དུས་ཡུན་རིང་པོའི་སྔོན་བྱ་ཁྲ་གཅིག་རི་རྩེ་ཞིག་ལ་འཚོ་བ་རོལ་བཞིན་ཡོད། རི་དེའི་འདབས་ན་ནྱ་གྲོ་དའི་ཤིང་སྡོང་ཆེན་པོ་ཞིག་ཡོད་ཅིང་དེའི་སྟེང་ཉིན་ལྟར་ཁྭ་ཏ་ཞིག་འབབ་ཀྱི་ཡོད། ཁྭ་ཏ་དེ་ནི་ཧ་ཅང་གི་གླེན་པ་ཞིག་རེད། ཁོས་ཚང་མར་ལད་ཟློས་བྱེད་ཀྱི་ཡོད།
རི་མགོའི་བྱ་ཁྲ་དེས་ཉིན་ལྟར་ཟས་འཚོལ་རྒྱུའི་ཆེད་འཕུར་ལྡིང་བྱེད་ཀྱི་ཡོད། དེ་ཡང་བྱ་ཁྲ་ལ་རང་བཞིན་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་རི་མགོ་ནས་བར་ཐག་ཧ་ཅང་རིང་བའི་ས་ལ་ཡོད་པའི་རང་ཉིད་ཀྱི་བརྔོན་བྱ་མཐོང་ཐུབ་ཅིང་། དེ་རྗེས་ཐུར་དུ་འཕུར་ནས་བརྔོན་བྱའི་སྟེང་མཆོང་གི་ཡོད་པ་རེད།
ཁྭ་ཏ་དེས་བྱ་ཁྲས་བར་སྣང་ལ་ལྡིང་སྐོར་བྱས་རྗེས་ཁོ་པའི་བརྔོན་བྱ་མཐོང་མ་ཐག་ཐུར་དུ་ཧོབ་འཕུར་གྱིས་འབབ་བཞིན་པ་ལ་ཡུན་རིང་བལྟས་པའི་རྗེས། “ཧིན། བྱ་ཁྲ་ཁོས་དེ་ལྟར་ནུས་ན། ངས་ཀྱང་ནུས་ངེས་རེད། ཁོས་ད་དུང་ཅི་ཞིག་བསམ་གྱི་ཡོད་དམ། ཉིན་གཅིག་ངས་ཁོ་པར་ངས་ཀྱང་ཁོ་ལྟར་བྱེད་ཐུབ་ཀྱི་ཡོད་པ་གསལ་སྟོན་བྱ་རྒྱུ་ཡིན།”སྙམ།
ཉིན་འགའི་རྗེས། བྱ་ཁྲ་དེ་མཁའ་དབྱིངས་སུ་ལྡིང་སྐོར་བྱེད་བཞིན་པའི་སྐབས། ཁྭ་ཏས་ཀྱང་དེ་ལྟར་བྱ་རྒྱུ་ཐག་བཅད། གློ་བུར་དུ་རི་བོང་ཆུང་ཆུང་ཞིག་ཚེར་གསེབ་ནས་ཐོན་པ་ན། བྱ་ཁྲས་མཐོང་བ་དང་། ཁྭ་ཏས་ཀྱང་མཐོང་།
ཁྭ་ཏས་འགུལ་སྐྱོད་མ་བྱས་གོང་། བྱ་ཁྲས་ཧོབ་མཆོང་གིས་མར་བབས་ཏེ་རི་བོང་དེ་ཁོ་པའི་རྣོ་ངར་ཅན་གྱི་སྡེར་མོའི་བར་བཟུང་སྟེ་འཕུར་ནས་སོང་། བྱ་ཁྲས་རི་བོང་འཁྱེར་ཏེ་མཁའ་དབྱིེངས་སུ་ཡལ་འགྲོ་སྐབས། ཁྭ་ཏས་ཐོས་པ་ནི་”སུར་་་་་”ཞེས་པའི་སྒྲ་ཁོ་ན་རེད། ཁྭ་ཏས་ཁོང་ཁྲོ་དང་བཅས་“ཧེ་ཧེ། དེ་ནི་རྩལ་ཆེན་པོ་ཞིག་ཅང་མ་རེད་ཨང་།”སྙམ།
ཅུང་མ་འགོར་བར་ཁོས་བྱི་བ་ཚོན་པོ་ཞིག་ཁུང་ནས་ཕྱིན་ཐོན་པ་མཐོང་། དུས་ཚོད་ཆུད་ཟོས་སུ་མ་བཏང་བར་ཧོབ་མཆོང་གིས་མར་བབས་ཏེ། བྱ་ཁྲ་བཞིན་བྱི་བ་དེ་སྡེར་མོས་འཛིན་ཐབས་བྱས།
འོན་ཀྱང་བྱི་བས་ཁྭ་ཏ་མཐོང་སྟེ་བྲོས་པས་ཁྭ་ཏ་རི་ཟུར་ལ་བརྡབས་ནས། “ཨ་ར་་་་་།”ཞེས་ན་ཟུག་གིས་སྐད་ངན་ཤོར་བ་རེད།
སྐབས་དེར་བྱ་ཁྲ་མར་འཕུར་ཡོང་སྟེ། “ངའི་རེ་བར། ད་ལྟ་ཁྱོད་ཀྱིས་རི་དྭགས་བརྔོན་རྒྱུ་ནི་སླ་མོ་ཞིག་མིན་པ་དང་། དེ་བས་ལད་མོ་བྱ་རྒྱུ་ཡང་སླ་མོ་ཞིག་མིན་པ་རྟོགས་ཡོད་ངེས་རེད།” ཅེས་བཤད།
དུས་དེ་ནས་ཁྭ་ཏས་མི་ཚེ་གང་པོ་གཞན་གྱི་ལད་མོ་མ་བྱས་པར། རང་ཉིད་ཀྱི་ལྷན་སྐྱེས་ཀྱི་ནུས་པས་བདེ་སྐྱིད་དང་ལྡན་པའི་འཚོ་བ་རོལ་བཞིན་གནས་སོ།།
༣༠) སྭ་མི་ཝི་ཝེ་ཀ་ནན་དཱ་(Swami Vivekananda) དང་དགེ་རྒན་ཆེན་མོ།
སྭ་མི་ཝི་ཝེ་ཀ་ནན་དཱ་དབྱིན་ཡུལ་གཙུག་ལག་སློབ་ཁང་གི་མཐོ་རིམ་སློབ་གཉེར་ཁང་དུ་ཁྲིམས་ཀྱི་སློབ་གཉེར་གནང་བཞིན་པའི་སྐབས། མི་རིགས་དཀར་པོའི་དགེ་རྒན་ཆེན་མོ་བ་ཞིག་གིས་སྭ་མི་མཆོག་ལ་རྟག་ཏུ་མི་དགའ་བྱེད་ཀྱི་ཡོད་པ་རེད།
ཉིན་ཞིག །དགེ་རྒན་ཆེན་མོ་བ་དེ་གསོལ་ཚིགས་ཁང་དུ་གུང་ཟས་ཟ་བཞིན་པའི་སྐབས། སྭ་མི་ཝི་ཝེ་ཀ་ནན་དཱ་རང་ཉིད་ཀྱི་སྡེར་མ་བསྣམས་ནས་ཕེབས་ཏེ་དགེ་རྒན་ཆེན་མོ་དེའི་གམ་དུ་བཞུགས་པ་རེད།
དགེ་རྒན་ཆེན་མོ་བ་དེས་དམའ་འབེབས་བྱེད་རྩིས་ཀྱིས་སྭ་མི་ལ་“སྐུ་ཞབས་ཝི་ཝེ་ཀ་ནན་དཱ་ལགས། ཕག་པ་ཞིག་དང་བྱ་གཅིག་མཉམ་དུ་སྡོད་ཐབས་ཡོད་མ་རེད།” ཅེས་བརྗོད་པ་ན།
ཝི་ཝེ་ཀ་ནན་དཱ་མཆོག་གིས་ཁོ་པར་ལེགས་པར་གཟིགས་རྗེས་ཐུགས་སེམས་རྣལ་དུ་ཕབ་ནས་“དགེ་རྒན་ཆེན་མོ། ཁྱེད་ཀྱིས་ཐུགས་ཁྲལ་གནང་མི་དགོས། བདག་གིས་ལམ་སེང་འཕུར་ཕྱིན་ཆོག” ཅེས་ལྗགས་ལན་གནང་། དེ་ལྟར་གསུངས་བསྒྲུབས་སྭ་མི་མཆོག་ཡར་བཞེངས་ཏེ་ཅོག་ཙེ་གཞན་ཞིག་གི་ཐོག་ཏུ་བཞུགས་པ་རེད།
དགེ་རྒན་ཆེན་མོ་དེ་ཁོང་ཁྲོ་ཆེན་པོ་ལངས་ནས་འཁོན་ལན་སློག་འདོད་བྱུང་།
ཕྱི་ཉིན་འཛིན་ཁང་དུ་དགེ་རྒན་ཆེ་མོ་བས་སྭ་མི་ཝི་ཝེག་ཀ་ནན་དཱ་ལ་“གལ་ཏེ་ཁྱེད་རང་སྲང་ལམ་ཞིག་ནས་འགྲོ་བཞིན་པའི་སྐབས་འབོག་སྒྲིལ་ཞིག་རྙེད་ཅིང་། དེའི་ནང་བློ་གྲོས་ཁུག་མ་གཅིག་དང་། ཤོག་སྒོར་ཁུག་མ་གཅིག་ཡོད་པ་ལས། ཁྱོད་ཀྱིས་ཁུག་མ་གཅིག་མ་གཏོགས་འཁྱེར་ཆོག་གི་མེད་ན། ཁྱོད་ཀྱིས་གང་འཁྱེར་རྒྱུ་ཡིན་ནམ།” ཞེས་དྲིས་པར།
སྭ་མི་ཝི་ཝེ་ཀ་ནན་དཱ་མཆོག་གིས་ཐེ་ཚོམ་སྤུ་ཙམ་མེད་པར་“སྒོར་མོ་ཡོད་པ་དེ་ལོས་འཁྱེར།” ཞེས་ལྗགས་ལན་གནང་།
དགེ་རྒན་ཆེན་མོ་བ་དེས་འཛུམ་དམུལ་དམུལ་ངང་“གལ་ཏེ་ང་ཁྱོད་རང་ཡིན་ན། ངས་བློ་གྲོས་ཁུག་མགང་པོ་འཁྱེར་ངེས་ཡིན།” ཞེས་ཟུར་ཟ་བྱས་པ་ན།
སྭ་མི་ཝི་ཝེ་ཀ་ནན་དཱ་མཆོག་ནས་དཔུང་པ་གསིག་ཙམ་གནང་ནས་“ཚང་མས་རང་ཉིད་ལ་མེད་པའི་དངོས་པོ་དེ་འཁྱེར་གྱི་རེད།” ཅེས་ལན་སློག་གནང་པ་རེད།
དེས་དགེ་རྒན་ཆེན་མོ་བ་དེ་བས་ཁོང་ཁྲོ་ཇེ་ཆེར་བཏང་། ཁོང་ཁྲོ་ཆེན་པོ་ལངས་སྟེ། ཁོ་པས་སྭ་མི་མཆོག་གི་རྒྱུགས་ཤོག་མཐོང་སྐབས་ཞུ་དག་དང་ཨང་ཐོབ་ཀྱང་མ་སྤྲད་པར། དེའི་སྟེང་“གླེན་པ།” ཞེས་བྲིས་ནས་སྭ་མི་ལ་སྤྲད་པ་རེད།
ཝི་ཝེ་ཀ་ནན་དཱས་རྒྱུགས་ཤོག་བླངས་ཏེ་རང་ཉིད་ཀྱི་སྒྲོག་ཙེའི་ཐོག་ཏུ་བཞུགས་གནང་བ་དང་།
སྐར་མ་འགའ་ཡི་རྗེས་སྭ་མི་མཆོག་ཡར་བཞེངས་ནས་དགེ་རྒན་ཆེ་མོའི་སར་ཕེབས་ཏེ་གུས་ཞབས་དང་ལྡན་པའི་ངང་སྐད་གདངས་དམའ་བོས་“དགེ་རྒན་ཆེན་མོ་ལགས། ཁྱེད་ཀྱིས་ངའི་ལན་ཤོག་སྟེང་མཚན་རྟགས་བཀོད་གནང་འདུག་མོད། འོན་ཀྱང་ང་ལ་ཨང་ཐོབ་གནང་རྒྱུ་བརྗེད་གནང་འདུག།” ཅེས་བརྗོད་དོ།།
Comments