༡) གཞན་ཁ་གསོ་མཁན།
༡) གཞན་ཁ་གསོ་མཁན།
རིགས་གྲོལ།
“དཀའ་ལས་སྐྱ་བས་བརྒྱབ། །ལོངས་སྤྱོད་གཟར་བུས་བཏང༌། །”ཞེས་པའི་གནའ་གཏམ་དེ་སེམས་ལ་དྲན་བཞིན་རྡོ་རྗེས་“དམངས་ཁྲོད་ཀྱི་གཏམ་དཔེ་དེ་དག་ངོ་མ་དོན་ལ་གནས་པ་ཞིག་རེད་ཨང་།” ཅེས་ཆིག་ལབ་བྱེད་ཀྱིན་ལག་ཁུག་ནག་པོ་དེ་འཁྱེར་སྟེ་ལས་ཁུངས་ཀྱི་ཕྱོགས་སུ་བསྐྱོད།
རྡོ་རྗེ་ནི་ལས་ཁུངས་དེའི་ལས་བྱེད་ནང་ནས་སློབ་སྦྱོང་ཡག་ཤོས་དང་ཤེས་ཚད་མཐོ་ཤོས། ལས་འགན་གྱི་ཐོག་ལ་ལྷག་བསམ་ཆེ་ཤོས་དང་ཧུར་བརྩོན་ཆེ་ཤོས་ཀྱི་ན་གཞོན་ཞིག་རེད། ཡང་གཅིག་བཤད་ན། ཁོ་པ་ནི་ལས་ཁུངས་དེའི་ཀ་བ་རེད། ཁོ་པ་མེད་ན་ལས་ཁུངས་ཀྱི་གདུང་མ་ཡིན་ཟེར་མཁན་ཚོ་ཡང་དངོས་པོ་ཙམ་རེད། འོན་ཀྱང་དོན་གནད་འདི་ཤེས་མཁན་ང་ཚོའི་ལས་ཁུངས་ནང་ནས་ཀྱང་བསམ་ཤེས་ཅན་འགའ་ཞིག་མ་གཏོགས་མེད།
ཁོ་པ་ལས་ཁུངས་ཀྱི་སྒོ་ཁར་ཐོན་སྐབས་སྒོ་སྲུང་བ་དེས་ “སྐུ་ཞབས། སྐུ་ངོ་ལགས་ཀྱིས་སྔ་པོ་ནས་བཙལ་སོང་། མགྱོགས་པོ་ཁོང་གི་ལས་ཁུངས་ལ་ཕེབས་རོགས།” ཞེས་བཤད། “ཕྱག་ལས་གང་ཡོད་ཟེར་གྱི་འདུག” “ཤེས་མ་སོང་། མ་གཞི་ངས་བཀའ་འདྲི་ཞུ་རྒྱུ་མ་བྱུང་། ཛ་དྲག་གི་གནས་ཚུལ་ཞིག་ཡོད་བཟོ་འདུག།” རྡོ་རྗེས་སྒོ་སྲུང་བ་དེར་འཛུམ་ཙམ་བྱས་རྗེས་སྐུ་ངོའི་ལས་ཁུངས་སུ་བསྐྱོད།
“སྐུ་ངོ་ལགས། ཡར་བཅར་ན་འགྲིག་གམ།” རྡོ་རྗེས་སྐུ་ངོའི་ལས་ཁུངས་སྒོའི་ཟུར་ནས་མཇིང་པ་ནང་དུ་བརྐྱངས་ཏེ་དྲིས། “འོ་རྡོ་རྗེ། མགྱོགས་པོ་ཡར་ཤོག་དང་། ངེད་གཉིས་ཀྱིས་ལས་དོན་གལ་ཆེན་པོ་བསྒྲུབ་དགོས་འདུག” སྐུ་ངོས་རྡོ་རྗེ་མར་སྡོད་ཁོམ་མ་བྱུང་སྔོན་ནས་གོང་རིམ་ནས་བཏང་བའི་བཀོད་ཁྱབ་ཤོག་ངོས་མང་པོ་ཡོད་པ་ཞིག་རྡོ་རྗེའི་ཕྱོགས་སུ་བཞག “ལགས། ཕྱག་ལས་གང་ཡོད། སྐུ་ངོ།” རྡོ་རྗེས་ཤོག་བུ་དེ་དག་མ་མཐོང་ཁུལ་གྱིས་དྲིས། “ཨ་ལེ་མར་སྡོད་དང་། ལས་དོན་དེ་ཁྱེད་རང་གིས་མ་གཏོགས་བསྒྲུབ་ཐུབ་རྒྱུ་མ་རེད། ལས་བྱེད་གཞན་ད་ཕར་ཞོག་ང་རང་གིས་ཀྱང་བསྒྲུབ་ཐུབ་རྒྱུ་ཁག་ཙམ་འདུག མ་གཞི་ནས་ལས་བྱེད་གཞན་ལ་ལས་དོན་དེ་བསྐུལ་རྒྱུར་ཡིད་ཆེས་རྙེད་ཀྱི་མི་འདུག ཁྱེད་རང་ངའི་ལག་པ་གཡས་པ་ཡིན་ཙང་ལས་དོན་དེ་ཁྱེད་རང་གིས་བསྒྲུབ་ན་ང་བློ་བདེ་པོ་ཡོང་ས་རེད།” སྐུ་ངོས་རྡོ་རྗེ་ལ་བསྟོད་པ་བྱེད་ཁུལ་གྱིས་དེ་ལྟར་བཤད།
རྡོ་རྗེས་དེ་སྔ་ཁོ་ཚོའི་ལས་ཁུངས་ནས་གོང་རིམ་ལ་བཏང་བའི་ལས་དོན་སྙན་ཐོའི་ནང་སྐུ་ངོ་ཁོས་་གནང་རབས་མ་གཏོགས་རྡོ་རྗེ་རང་ཉིད་དང་ལས་རོགས་ཚོའི་མིང་ཙམ་ཡང་འཁོད་མེད་པ་སྔ་ཉིན་གྲོགས་པོ་ཞིག་བརྒྱུད་ཤེས་པ་དྲན་གསོས་ཏེ། བསྟོད་པ་དེ་ཁ་ཙམ་ཡིན་པ་དང་། དོན་དངོས་ཐོག་ལོ་ངོ་འདི་དག་གི་རིང་ལ་ཁོ་ཚོའི་གནས་རིམ་དང་གླ་ཕོགས་སྐར་མ་ལྔ་ཡང་མ་འཕར་བའི་དགག་རྡོ་འདི་རེད་ཨང་སྙམ་ནས་སྐུ་ངོ་ལ་འཚིག་པ་ཟ། འོན་ཀྱང་“རྡོ་མར་ལ་གཞུས་ཀྱང་མར་ཕམ། མར་རྡོ་ལ་གཞུས་ཀྱང་མར་ཕམ།” ཞེས་པའི་ཁ་རྒྱུན་དེ་ཡིད་ལ་ཤར་བས། འཛུམ་ཙམ་བྱས་རྗེས་“སྐུ་ངོ་ལགས་ཀྱིས་བསྟོད་བསྔགས་གནང་བར་ཐུགས་རྗེ་ཆེ། སྐུ་ངོའི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་ང་ལ་འཚོ་བ་བཟང་པོ་འདི་འདྲ་ཞིག་བྱུང་བ་རེད། ལས་དོན་གང་ཡིན་ཡང་གསུང་རྐྱང་གནང་རོགས། ང་ཚོ་ལས་ཀ་བྱེད་མཁན་རེད། ལས་དོན་ཁག་པོ་ཇི་འདྲ་ཡོད་ཀྱང་བསྒྲུབ་ཐུབ་པ་ཞུས་ཆོག” ཅེས་གོ་རྒྱུ་ཅུང་ཟད་ཡོད་པའི་བཀའ་མོལ་ཞིག་ཞུས།
སྐུ་ངོ་དེས་རྡོ་རྗེ་ལ་ལས་དོན་འདི་དང་དེ་ཞེས་ངོ་སྤྲོད་ལེགས་པར་གནང་རྗེས། “བདུན་གཅིག་ནང་ཚར་བ་དགོས་ཀྱི་འདུག དེ་ལུགས་ཁྱེད་རང་གིས་ཉིན་མཚན་ལྟོས་མེད་ལས་དོན་འདི་བསྒྲུབས་ནས་བདུན་གཅིག་ནང་ཚར་བ་གནང་དགོས། ངས་གོང་རིམ་ལ་སྙན་ཐོ་འབྲི་སྐབས་ཁྱེད་རང་གི་བྱས་རྗེས་བཀོད་རྒྱུ་ཡིན།” ཞེས་རྒྱུན་ལྡན་གྱི་སྐད་ཆ་བཤད་སྟངས་ལྟར་ཡང་ཡང་བཀོད་མངགས་གནང་། རྡོ་རྗེས་ལམ་སེང་རང་ཉིད་ཀྱི་ལས་སྟེགས་ཐོག་ཏུ་ཡོང་ནས་ཀམ་པུ་ཊར་སྒོ་ཕྱེ་སྟེ་ལས་དོན་དེ་འགོ་འཛུགས་བྱས།
ཟད་བཅད་གཉིད་བཅག་གིས་དཀའ་ལས་བརྒྱབ་རྗེས་ཉིན་བདུན་པའི་ཉིན་གུང་ཆུ་ཚོད་གསུམ་པ་ཙམ་ལ་ལས་ཀ་དེ་གྲུབ། རྡོ་རྗེས་བསམ་བློ་ཙམ་ཡང་གཏོང་ལོང་མེད་པར་སྐུ་ངོའི་དྲུང་དུ་བཅར། སྐུ་ངོས་རྡོ་རྗེ་སླེབས་པ་ཤེས་ཁྲལ་“རྡོ་རྗེ་ལགས། ཡར་ཤོག་དང་། ལས་དོན་གང་འདྲ་བྱུང་སོང་།”ཞེས་དྲིས། “སྣང་དག་མེད། བསྒྲུབས་ཚར་སོང་།” རྡོ་རྗེས་སྐུ་ངོའི་མདུན་དུ་བཅར་དེ་ལས་ཀ་ཇི་འདྲ་བསྒྲུབས་ཡོད་མིན་སྙན་སེང་ཞུས། “འོ་ཡ། ད་ཡག་པོ་ཞེ་དྲག་བྱུང་སོང་། ངས་ད་ལྟ་རང་གོང་རིམ་ལ་ཡར་ཞུ་བྱ་རྒྱུ་ཡིན། ངས་ཁྱེད་རང་གི་བྱས་རྗེས་ཀྱང་ཞུས་ཆོག ད་ཁྱེད་རང་ཕེབས་ན་འགྲིག་ས་རེད།” “ལགས་སོ། །སྐུ་ངོ་ལགས།” རྡོ་རྗེ་སྐུ་ངོའི་ལས་ཁུངས་ནས་མར་ཐོན་ཏེ་རང་གི་ལས་སྟེགས་སུ་ཕྱིན་ནས་རང་ཉིད་ཀྱི་ལས་ཀ་ཕུང་གསོགས་ཐེབས་པ་དག་མཇུག་སྐྱོང་འགོ་བརྩམས།
ཟླ་བ་འགའ་ཞིག་གི་རྗེས། གོང་རིམ་ནས་ཡོངས་ཁྱབ་གསལ་བསྒྲགས་ཤིག་འབྱོར་ཞིང་། དེའི་ནང་གཙོ་བོ་དེ་སྔོན་རྡོ་རྗེས་བྱས་པའི་ལས་དོན་དེ་སྐུ་ངོ་དེས་བྱས་རབས་དང་། ལས་བྱེད་ཡོངས་རྫོགས་ཀྱིས་སྐུ་ངོ་དེ་ལ་མིག་དཔེ་བལྟས་ཏེ་ཕྱོགས་ཡོངས་ནས་གནས་ཚད་གོང་མཐོར་གཏོང་དགོས་ལུགས། ལས་དོན་དེ་དུས་བཀག་ནང་ལེགས་བསྒྲུབས་ཐུབ་མཁན་ཡན་ལག་ཡོངས་ནས་སྐུ་ངོ་དེ་གཅིག་བུ་ཡིན་རབས། སྐུ་ངོ་དེ་གོང་རིམ་ལ་ལྷག་བསམ་ཆེ་རབས་དང་ལས་བྱེད་ཁག་ལ་བྱམས་བརྩེ་ཆེ་རབས། བྱས་པ་ཅན་ལ་ཆེ་བསྟོད་དགོས་ལུགས་ཀྱིས་སྐུ་ངོ་དེའི་གནས་རིམ་སྤར་གནང་བ་དང་ཟླ་ཕོགས་བརྒྱ་ཆ་བཅུ་སྤར་ཆ་གནང་རབས་སོགས་འཁོད་ཡོད། དེ་མཐོང་མ་ཐག་ལས་བྱེད་ཡོངས་རྫོགས་ཀྱིས་སྐུ་ངོར་འཚམས་འདྲི་ཞུས་ཞིང་། སྐུ་ངོས་ཀྱང་ལས་བྱེད་ཚོར་གསོལ་ཇ་སྟབས་བདེ་ཞིག་བཏང་གནང་ངོ་།།
ཕྱི་ལོ་ ༢༠༢༡།༡༢།༡༡ སྤེན་པ་གཉིས་པའི་གུང་སེང་ཉིན།
Comments