སྒྲུང་ཐུང་བོད་སྒྱུར་མ་ལྔ།
༡) ཤེས་རབ་ལྡན་པའི་སྐྱེས་བུ།
མི་རྣམས་ཀྱིས་རྟག་ཏུ་ཤེས་རབ་ལྡན་པའི་སྐྱེས་བུ་ཞིག་གི་དྲུང་དུ་དཀའ་ངལ་གཅིག་ཡང་ཡང་ཞུ་རུ་ཡོང་གི་ཡོད། ཉིན་ཞིག་ཁོང་གིས་མི་རྣམས་ལ་
མཚར་གཏམ་ཞིག་བཤད་པ་ན་ཚང་མས་སྐད་ཤུགས་ཆེན་པོས་བགད་པ་རེད།
ཡང་སྐར་མ་ཁ་ཤས་ཀྱི་རྗེས་སུ། ཁོང་གིས་མཚར་གཏམ་དེ་སླར་ཡང་བཤད་པ་ན་མི་འགའ་ཞིག་གིས་བགད།
ཁོང་གིས་མཚར་གཏམ་དེ་ཚར་གསུམ་པ་བཤད་སྐབས་མི་གཅིག་ཀྱང་དགོད་མཁན་མ་བྱུང་།
ཤེས་རབ་ལྡན་པའི་སྐྱེས་བུ་དེས་འཛུམ་ཙམ་བྱས་རྗེས་“ ཁྱེད་ཚོས་མཚར་གཏམ་གཅིག་གི་ཐོག་ཡང་ཡང་དགོད་མི་ཐུབ་པ་བཞིན། དཀའ་ངལ་
གཅིག་གི་ཐོག་རྟག་ཏུ་ཅི་ཕྱིར་ངུ་གི་ཡོད་དམ།” ཞེས་བཤད་དོ།།
༢) བོང་བུ་གླེན་པ།
ཚྭ་ཚོང་མཁན་ཞིག་གིས་ཉིན་ལྟར་ཚྭའི་སྒྱེ་མོ་རང་ཉིད་ཀྱི་བོང་བུར་བཀལ་ནས་ཁྲོམ་རར་འགྲོ་གི་ཡོད།
ལམ་བར་ཁོ་ཚོས་རྒྱུག་ཆུ་ཞིག་བརྒལ་དགོས། ཉིན་ཞིག་བོང་བུ་དེ་ཆུའི་ནང་འགྱེལ་བས་ཚའི་སྒྱེ་མོ་ཆུའི་ནང་ལྷུང་པ་རེད། ཚྭ་ཆུའི་ནང་
བཞུས་པས་སྒྱེ་མོ་དེ་ཧ་ཅང་རྒྱུ་ཡང་དུ་ཕྱིན་ཏེ། བོང་བུ་དེ་དགའ་པོ་བྱུང་།
དེ་ནས་བོང་བུ་དེས་གཡོ་བྱུས་དེ་ཉིན་ལྟར་རྩེ་རྒྱུ་འགོ་བཙུགས།
ཚྭ་ཚོང་མཁན་གྱིས་གཡོ་བྱུས་དེ་རྟོགས་ནས་དེ་ལ་སློབ་གསོ་ཞིག་སྤྲོད་རྒྱུ་ཐག་བཅད། ཕྱི་ཉིན་ཁོ་པས་བོང་བུ་དེར་སྲིང་བལ་དོ་བོ་གཅིག་
བཀལ།
བོང་བུ་དེས་སྲིང་བལ་ཀྱི་དོ་བོ་དེ་ཡང་དུ་འགྲོ་རྒྱུའི་རེ་བ་བཅངས་ནས་གཡོ་བྱུས་དེ་རང་རྩེས་པ་རེད།
འོན་ཀྱང་སྲིང་བལ་རློན་པ་ཧ་ཅང་ལྗིད་དུ་ཕྱིན་ནས་འཁུར་རྒྱུར་དཀའ་ལས་བྱུང་སྟེ་བོང་བུས་སྡུག་བསྔལ་མྱང་དགོས་བྱུང་། ཉིན་དེ་ནས་བོང་
བུ་དེས་གཡོ་བྱུས་དེ་ནམ་ཡང་མ་རྩེས་པས། ཚོང་པ་དེ་དགའ་པོ་བྱུང་བ་རེད།
༣) གྲོགས་པོ་བཟང་ཤོས།
གཏམ་རྒྱུད་གཅིག་གི་ནང་གྲོགས་པོ་གཉིས་བྱེ་ཐང་བརྒྱུད་ནས་འགྲོ་བཞིན་ཡོད། གང་མཚམས་ཤིག་ནས་ཁོ་གཉིས་ཁ་རྩོད་ཤོར་བ་དང་། གྲོགས་པོ་
གཅིག་གིས་གཞན་དེའི་གདོང་པར་འགྲམ་ལྕག་ཅིག་བརྒྱབ་པ་རེད།
འགྲམ་ལྕག་རག་མཁན་དེ་ལ་ཕོག་ཐུག་བྱུང་ཡང་ཅི་ཡང་མ་བཤད་པར་བྱེ་མའི་ཐོག་ “དེ་རིང་ངའི་གྲོགས་པོ་བཟང་ཤོས་ཀྱིས་ངའི་གདོང་ལ་
འགྲམ་ལྕག་གཞུས་བྱུང་།” ཞེས་བྲིས།
ཁོ་གཉིས་མུ་མཐུད་གོམ་འགྲོས་བྱས་པ་ན་ཆུ་མིག་ཅིག་རྙེད་པ་རེད། དེར་ཁོ་གཉིས་ཀྱིས་འཁྲུས་བྱ་རྒྱུར་ཐག་བཅད། འགྲམ་ལྕག་རག་མཁན་
དེ་འདམ་རྫབ་ནང་འགག་ནས་འབྱིང་འགོ་ཚུགས། འོན་ཀྱང་གྲོགས་པོས་ཁོ་པ་བསྐྱབས་པ་རེད། འབྱིང་གྲབས་བྱུང་བ་ལས་ཐར་རྗེས་ཁོ་པས་རྡོ་
ཞིག་གི་སྟེང་དུ་ “དེ་རིང་ངའི་གྲོགས་པོ་བཟང་ཤོས་ཀྱིས་ང་བསྐྱབས་བྱུང་།” ཞེས་བྲིས།
འགྲམ་ལྕག་གཞུ་མཁན་དང་རང་གི་གྲོགས་པོ་བཟང་ཤོས་ཀྱི་སྲོག་སྐྱོབ་མཁན་དེས་ “ ངས་ཁྱོད་ལ་ཕོག་ཐུག་བཏང་རྗེས། ཁྱོད་ཀྱིས་ཡི་གེ་
བྱེ་མའི་ཐོག་བྲིས་ཤིང་། ད་ལྟ་ཡི་གེ་རྡོའི་ཐོག་ཏུ་བརྐོས་སོང་། དེའི་རྒྱུ་མཚན་གང་ཡིན་ནམ།” ཞེས་དྲིས་པ་དང་།
གྲོགས་པོ་གཞན་དེས་ “ མི་ཞིག་གིས་ང་ཚོར་གནོད་འཚེ་གཏོང་སྐབས་ང་ཚོས་ཡི་གེ་ངེས་པར་བྱེ་མའི་སྟེང་དུ་འབྲི་དགོས། དེ་བཟོད་སྒོམ་གྱི་
རླུང་བུས་བསུབ་ཐུབ་ཀྱི་རེད། འོན་ཀྱང་མི་ཞིག་གིས་ང་ཚོར་ཕན་ཐོགས་བྱེད་སྐབས་ང་ཚོས་ཡི་གེ་ངེས་པར་རྡོའི་ཐོག་ཏུ་བརྐོ་དགོས། དེ་རླུང་བུས་
བསུབ་མི་ཐུབ།” ཅེས་ལན་བཏབ།
༤) སྤྱང་གྲུང་ལྡན་པའི་སློབ་མ་བཞི།
དགོང་དྲོ་ཞིག་ལ་མཐོ་སློབ་ཀྱི་སློབ་མ་བཞི་ཕྱི་ལོགས་སུ་དགོངས་ཚོགས་ཤིག་ལ་ཞུགས་ཏེ་ཕྱི་པོ་བར་ལྷག་པས་ཉིན་རྗེས་མར་དུས་ཚོད་བསྒྲིགས་
ཡོད་པའི་ཡིག་རྒྱུགས་ཆེད་རང་སྦྱོང་བྱ་རྒྱུ་མ་བྱུང་། ཞོགས་པ་ཁོ་ཚོས་འཆར་གཞི་ཞིག་དྲན།
ཁོ་ཚོས་སོ་སོ་སྣུམ་ཞག་དང་གད་སྙིགས་ཀྱིས་བཙོག་པ་བཟོས།
དེ་ནས་ཁོ་ཚོ་རིགས་སྡེ་འགན་འཛིན་སར་ཕྱིན་ནས། མདང་དགོང་ཁོ་པ་ཚོ་གཉེན་སྟོན་ཞིག་ལ་ཞུགས་པ་དང་། ཕྱིར་ལོག་པའི་ལམ་བར་དུ་
རླངས་འཁོར་གྱི་འགྱིག་འཁོར་འབར་རྡོལ་ཤོར་སྟེ་ཁོ་ཚོ་ཕྱིར་མ་འཁོར་བར་རླངས་འཁོར་འབུད་ནས་ཡོང་དགོས་བྱུང་བས། ཡིག་རྒྱུགས་སྤྲོད་
ཐུབ་པའི་གནས་སྟངས་མེད་ཚུལ་བཤད།
རིགས་སྡེ་འགན་འཛིན་གྱིས་ཅུང་ཙམ་བསམས་རྗེས། ཁོ་ཚོས་ཉིན་གསུམ་རྗེས་སུ་བསྐྱར་རྒྱུགས་སྤྲད་ན་འགྲིག་ཚུལ་བཤད། ཁོ་ཚོས་ཁོང་ལ་
ཐུགས་རྗེ་ཆེ་ཞུས་པ་དང་། སྐབས་དེར་གྲ་སྒྲིག་ཡོད་པ་ཞུ་རྒྱུ་ཡིན་ཞེས་བཤད།
ཉིན་གསུམ་པར་ཁོ་ཚོ་རིགས་སྡེ་འགན་འཛིན་སར་འབྱོར། རིགས་སྡེ་འགན་འཛིན་གྱིས་འདི་ནི་དམིགས་བསལ་གནས་སྟངས་འོག་གི་ཡིག་
རྒྱུགས་ཤིག་ཡིན་སྟབས། ཁོ་ཚོ་བཞི་པོས་ཡིག་རྒྱུགས་ཆེད་འཛིན་གྲྭ་རེ་རེའི་ནང་སློབ་མ་རེ་རེ་ལོགས་སུ་འདུག་དགོས་པར་བཤད། ཁོ་ཚོ་ཚང་མས་
ཉིན་གསུམ་རིང་གྲ་སྒྲིག་ལེགས་པོ་བྱས་ཡོད་པས་དེ་ལྟར་བྱ་རྒྱུར་ཁས་ལེན་བྱས།
ཐེངས་འདིའི་ཡིག་རྒྱུགས་ནི་ཨང་ཐོབ་ ༡༠༠ ལ་དྲི་བ་ ༢ ཁོ་ན་ལས་གྲུབ་པ་ཞིག་རེད།
༡) ཁྱོད་ཀྱི་མིང་—————-(ཨང་། ༡)
༢) འགྱིག་འཁོར་གང་འབར་རྡོལ་ཤོར་རམ། ( ཨང་། ༩༩)
འདེམས་ཀ། ཀ) སྔ་འཁོར་གཡོན།
ཁ) སྔ་འཁོར་གཡས།
ག) ཕྱི་འཁོར་གཡོན།
ང) ཕྱི་འཁོར་གཡས།
༥) གྲོང་མི་རྒན་པོ།
གྲོང་ཚོ་ཞིག་གི་ནང་རྒན་པོ་ཞིག་སྡོད་ཀྱི་ཡོད། ཁོ་པ་ནི་གོ་ལ་ཡོངས་རྫོགས་ཀྱི་མི་བསོད་ནམས་དམན་ཤོས་དེ་རེད། གྲོང་ཚོ་ཡོངས་རྫོགས་
ཁོ་ལ་ཞེན་པ་ལོག་ཡོད། ཁོས་རྒྱུན་དུ་རྣམ་འགྱུར་ངན་པ་བསྟན་མ་ཟད་རྙོག་ཁྲ་ཡང་ཤོད་ཀྱི་ཡོད།
ཁོ་པ་ཇི་ཙམ་གྱིས་ལོ་ན་མཐོ་རུ་འགྲོ་བ་དེ་ཙམ་གྱིས་ཁྲོ་གཏུམ་ཇེ་ཆེར་འགྱུར་བ་དང་ཁོའི་སྐད་ཆ་ཡང་དེ་བས་དུག་དང་ལྡན་པར་གྱུར། མི་
རྣམས་ཀྱིས་ཁོ་པར་གཡོལ་གྱི་ཡོད། རྒྱུ་མཚན་ནི་ཁོའི་བསོད་དམན་དེ་འགོས་ནད་ལྟ་བུར་གྱུར་བས་རེད། ཐ་ན་ཁོའི་འགྲམ་དུ་སྤྲོ་སྣང་ཡོང་བར་
བྱ་རྒྱུ་ནི་རང་བྱུང་མིན་པའམ་དམའ་འབེབས་སུ་འགྲོ་བ་ལྟ་བུ་རེད།
ཁོས་མི་གཞན་ལ་བདེ་སྐྱིད་མེད་པའི་ཚོར་བ་ཞིག་བསྐྲུན་ཡོད།
འོན་ཀྱང་ཉིན་ཞིག་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཞིག་བྱུང་བ་རེད། དེ་ཡང་“ད་ཆ་རྒས་པོ་དེ་སྤྲོ་སྣང་ཆེན་པོ་སྐྱེས་ཤིང་།
འཛུམ་དམུལ་དམུལ་ངང་སྡོད་པ་ལས་གནད་དོན་གང་གི་ཐོག་ཏུའང་རྙོག་ཁྲ་མི་ཤོད་པ་མ་ཟད། ཁོའི་ངོ་གདོང་ཡང་སོས་འདུག” ཅེས་པའི་དཀྲོག་
གཏམ་ཞིག་མི་ཚང་མས་འཕྲལ་འཕྲལ་དུ་གོ་འགོ་ཚུགས།
གྲོང་ཚོ་ཡོངས་ཀྱི་མི་རྣམས་འཛོམས་ནས་རྒན་པོར་“གྲོང་པ། ཁྱོད་ལ་ཅི་ཞིག་བྱུང་སོང་ངམ།” ཞེས་དྲིས།
རྒན་པོས་ “ དམིགས་བསལ་གང་ཡང་བྱུང་མ་སོང་། ལོ་ངོ་བརྒྱད་ཅུའི་རིང་བདག་གིས་བདེ་སྐྱིད་ཀྱི་རྗེས་སུ་སྙེགས་ཀྱང་ཕན་པ་
ཅི་ཡང་མ་བྱུང་། དེ་ནས་བདག་གིས་བདེ་སྐྱིད་མེད་པའི་ངང་འཚོ་རྒྱུ་དང་། མི་ཚེ་ཁོ་ན་ལོངས་སུ་སྤྱོད་རྒྱུ་ཐག་བཅད་པ་ཡིན། དེར་བརྟེན་ད་ཆ་
ང་རང་སྐྱིད་པོ་འདུག” ཅེས་ལན་བཏབ་བོ།།
Comments