ཀ་བཤད་དྲི་མ་ཅན།
རིགས་གྲོལ།
ཀ་ཁའི་དབྱངས་ལ་འཐིམ་པའི་མི་རིགས་ཤིག།
ཁ་བའི་རི་ནས་ཇི་ལྟར་རྒུང་སོང་ཨང་།།
ག་ཙམ་མུན་པའི་རུམ་དུ་བཞུད་སོང་བ།།
ང་དང་ཁྱོད་ཀྱིས་འདི་ལྟར་ཅི་ཕྱིར་དྲན།།
ཅ་ཆའི་རི་མོར་དུང་བའི་མཐོ་སྒང་པ།།
ཆ་རྒྱུས་མེད་པའི་ས་མཐར་ཐོར་སོང་ངམ།།
ཇ་ཆང་རྩམ་པའི་བྲོ་བ་བརླགས་སོང་བ།།
ཉ་མོ་མཚོ་བྲལ་འདི་ཡིས་ཇི་ཙམ་སྐྱོ།།
ཏ་ཐའི་སྒྲ་ལ་བྱང་བའི་མ་ནི་བ།།
ཐ་ཆད་འཚོ་བ་འདི་ཡིས་བཅུར་སོང་ངོ་།།
ད་དུང་དྲན་པའི་ཞགས་པ་ལྷོད་སོང་ན།།
ན་ཁ་ནོར་གྱིས་སྟོང་ན་ཅི་ལྟར་བྱ།།
པ་ཕའི་ཚིག་ལ་བཏགས་པའི་ཕོ་རྒོད་ཚོ།།
ཕ་གཞིས་སྐྱོང་བའི་ནུས་པ་ཟད་སོང་ངམ།།
བ་གླང་ནང་རྡུང་རྒྱག་པ་མང་སོང་བ།།
མ་ལོའི་བྲང་ཁ་དམར་པོ་ཇི་ཙམ་གཤགས།།
ཙ་ཚ་ཁ་ལ་གོམས་པའི་ཐུ་བྷོད་པ།།
ཚ་ཁུལ་ལུས་ལ་གྱོན་པ་མང་སོང་ངམ།།
ཛ་ཡའི་ཚིག་འབྲུའི་མཛེས་སྡུག་ཤོར་སོང་ཡང་།།
ཝ་རྒན་ལྟ་བུས་ནང་འཁྲུག་ཇི་ཙམ་བསླངས།།
ཞ་ཟའི་གཟུགས་ལ་དགའ་བའི་མི་རིགས་འདིས།།
ཟ་རི་ཟི་རི་ཅི་ཙམ་བསྒྲུབས་སོང་ཨང་།།
འ་རེ་འུ་རེའི་ཁྱི་སྐད་གྲགས་སོང་བ།།
ཡ་བཏགས་དང་པོར་ས་མགོ་སྦྱར་བ་ཟོ།།
ར་ལའི་ཚིག་འབྲུར་སྦྱར་བའི་འབྲོག་རིགས་འདིས།།
ལ་རྒྱའི་སྤོབས་པ་མེ་ལ་བསྲེགས་སོང་ངམ།།
ཤ་ཚའི་གཏམ་ཡང་ཆུ་ལ་བསྐྱུར་སོང་བ།།
ས་སྟེང་འདི་ནས་རང་ཉིད་འབྱིན་པ་འོ།།
ཧ་ཨ་སེམས་སུ་བཟུང་བའི་བོད་པ་ཚོས།།
ཧ་ལམ་རང་སྲོག་རང་གིས་བཅད་སོོང་ཨང་།།
ཨ་ཅུང་སྙིང་འདི་སྡུག་གིས་བཙིར་སོང་བ།།
ཨ་ཁུའི་ངག་ནས་ཚིག་འབྲུ་བྲུས་སོང་ངོ་།།
༢༠༢༡།༠༨།༢༢ རེས་གཟའ་ཉིན་ཤར་མར།
Comments