འཁྲུངས་སྐར་བསུ།
ཤིང་ཕག་ལོ་ཡི་སྣོན་ཟླའི་ཚེས་ལྔ་ཉིན།།
སྟག་འཚེར་ཡུལ་གྱི་ཕལ་པའི་ཁྱིམ་ཚང་དུ།།
མཚན་བཟང་སྟོང་དང་བཅས་ཏེ་འཁྲུངས་པ་ན།།
ལྷ་མོ་དོན་གྲུབ་གསོལ་དེའི་འཁྲུངས་སྐར་བསུ།།
དགུང་གྲངས་བཞི་དང་ཕྱེད་ལ་ཕེབས་པའི་དུས།།
ལྷ་ལྡན་གཞུང་དུ་སྲིད་ཁྲིར་མངའ་གསོལ་བས།།
བོད་ལྗོངས་དགའ་སྐྱིད་ཉི་ཟེར་འབུམ་བཞད་ཚེ།།
བསྟན་འཛིན་རྒྱ་མཚོར་གསོལ་དེའི་འཁྲུངས་སྐར་བསུ།།
དགུང་ལོ་དྲུག་ནས་བོད་ཡིག་བྲིས་ཀློག་དང་།
རིག་པའི་གནས་ལྔ་དག་དང་ལྷག་པར་དུ།།
ནང་དོན་རིག་པའི་གཞུང་ལུགས་སྦྱངས་མཛད་ནས།།
བསྟན་པའི་བདག་པོར་གྱུར་དེའི་འཁྲུངས་སྐར་བསུ།།
ལྔ་བཅུ་ཐམ་པའི་ཛ་དྲག་མེ་ལྕེའིི་ཁྲོད།།
ཆབ་སྲིད་ཞིག་རལ་ཕྱག་ཏུ་ཕུལ་བ་ན།།
རང་གཞན་ཀུན་ལ་ཕན་པའི་ཐུགས་བསྐྱེད་ཀྱིས།།
སྲིད་ཀྱི་རྒྱལ་པོར་གྱུར་དེའི་འཁྲུངས་སྐར་བསུ།།
ང་བཞི་ལོ་ལ་རྒྱ་ཡུལ་བྱོན་མཛད་ནས།།
མའོ་དང་ཏིང་སོགས་རྒྱ་ཡི་དཔོན་རིགས་ཚོར།།
བོད་ཀྱི་བདེ་སྡུག་གྲོས་བསྡུར་ལེགས་མཛད་ནས།།
ཞི་བས་མཐུན་ཐབས་མཛད་དེའི་འཁྲུངས་སྐར་བསུ།།
ང་དྲུག་ལོ་ལ་སྟོན་པའི་རྗེས་དྲན་ཆེད།།
ཧིན་དྷུའི་ཡུལ་དུ་བྱོན་ནས་དད་ལྡན་ཚོར།།
བཀའ་ཡི་བདུད་རྩི་ཆར་ཕབ་མཛད་པ་ཡི།།
དུས་ཀྱི་སྟོན་པ་ཁྱོད་ཀྱི་འཁྲུངས་སྐར་བསུ།།
ང་དགུ་ལོ་ལ་དགྲ་ཡི་ཀྲོ་དི་ཏ།།
མེ་ལྕེ་བཞིན་དུ་མཆེད་པ་མ་བཟོད་པས།།
ས་མཐའི་ཡུལ་དུ་སྐྱབས་བཅོལ་བྱོན་མཛད་དེ།།
བོད་འབངས་བྱིན་ཀྱིས་བསྐྱངས་དེའི་འཁྲུངས་སྐར་བསུ།།
རྡ་རམ་ས་ལའི་རི་རྩེར་བཞུགས་ཙ་ན།།
ཀརུ་ནའི་འོད་ཟེར་ཕྱོགས་བཅུར་འཕྲོ་མཛད་ཅིང་།།
ལྷག་པར་བོད་འབངས་ཡོངས་ཀྱི་བདེ་སྡུག་ཆེད།།
སློང་མོའི་ཚུགས་ཀ་བཟུང་དེའི་འཁྲུངས་སྐར་བསུ།།
བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་ཆེད།།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཞེས་གྲག་པར།།
ཕྱག་གཉིས་ཐལ་མོ་སྦྱར་བའི་ཞུ་ཡིག་དག།
ཡང་ཡང་འབུལ་བར་མཛད་དེའི་འཁྲུངས་སྐར་བསུ།།
རྡ་རམ་ས་ལའི་རི་ཡི་སྐེད་པ་ན།།
རང་གཞུང་དགའ་ལྡན་ཕོ་བྲང་ལེགས་བཙུགས་ནས།།
ཕྱི་ནང་བོད་མིའི་བདེ་སྡུག་སེལ་བའི་ཆེད།།
དཀའ་བ་བརྒྱ་ཕྲག་མཛད་དེའི་འཁྲུངས་སྐར་བསུ།།
མ་འོངས་བོད་ཀྱི་ཆབ་སྲིད་ལུང་བསྟན་ཆེད།།
རྩ་ཁྲིམས་ཟིན་བྲིས་ཁྱབ་བསྒྲགས་ལེགས་མཛད་ཅིང་།།
མང་གཙོའི་འཛིན་སྐྱོང་ལམ་སྲོལ་བཟང་པོའི་སྟེང་།།
བོད་འབངས་ཁྲིད་པར་མཛད་དེའི་འཁྲུངས་སྐར་བསུ།།
འཕགས་པའི་ཡུལ་ནས་རང་རིགས་གཞོན་ནུའི་ཆེད།།
དགོན་པ་སློབ་གྲྭ་མང་པོ་གསར་བཙུགས་ཀྱིས།།
ཆོས་དང་སྲིད་དང་དེང་རབས་ཤེས་ཡོན་སོགས།།
སྔར་མེད་ལམ་བཟང་གཏོད་དེའི་འཁྲུངས་སྐར་བསུ།།
ཞི་བའི་དོན་ཚན་ལྔ་ཡི་གསལ་བསྒྲགས་ཀྱིས།།
འཚེ་བ་མེད་པའི་ལམ་བཟང་བསྟན་པ་ཡིས།།
འཛམ་གླིང་སྐྱེ་འགྲོའི་མིག་ཟུང་འབྱེད་མཛད་པ།།
སེམས་དཔའ་ཆེན་པོ་ཁྱོད་ཀྱི་འཁྲུངས་སྐར་བསུ།།
འགྲོ་བའི་རིགས་ཀུན་དག་ལ་དབྱེར་མེད་དུ།
ཕན་པའི་མཛད་འཕྲིན་རྟག་ཏུ་བསྐྱངས་པ་ཡིས།།
ནོ་སྦེལ་ཞི་བདེའི་གཟིངས་རྟགས་འབུལ་བཞེས་སོགས།།
བླ་མེད་འཕྲིན་ལས་བསྐྱངས་དེའི་འཁྲུངས་སྐར་བསུ།།
འཛམ་གླིང་ཡུལ་གྲུ་གང་སར་ཞབས་བཅག་ནས།།
རྐང་གཉིས་མི་ཡི་འགན་འགུར་ངོ་སྤྲོད་དང་།།
ཡ་རབས་བཟང་པོའི་ལམ་སྟོན་མཛད་པ་སོགས།།
གཏན་བདེ་འབྱུང་གནས་ཁྱོད་ཀྱི་འཁྲུངས་སྐར་བསུ།།
ཆོས་ལུགས་ཁག་གི་དམིགས་ཡུལ་གཅིག་ཡིན་ཞེས།།
གསུང་དབྱངས་ཡན་ལག་དྲུག་ཅུའི་ཆུ་རྒྱུན་དག།
ཡང་ཡང་འཇོ་བར་མཛད་པའི་འགན་བཞེས་པ།།
རྐང་གཉིས་གཙོ་བོ་ཁྱོད་ཀྱི་འཁྲུངས་སྐར་བསུ།།
གནའ་རབས་གཙོ་བོ་སེམས་ཀྱི་ཚན་རིག་དང་།།
དེང་རབས་ཕྱི་ཡི་ཚན་རྩལ་རིག་པ་གཉིས།།
འགལ་མེད་ཟུང་འབྲེལ་ལམ་བཟང་འདི་འོ་ཞེས།།
ཚན་རིག་སྨྲ་བའི་དབང་པོའི་འཁྲུངས་སྐར་བསུ།།
རིགས་དང་རུས་ཀྱི་དབྱེ་བ་མ་ཕྱེ་བར།།
ཐམས་ཅད་དྲིན་གྱིས་བསྐྱངས་པའི་མཚོན་དོན་དུ།།
ཨ་རིའི་གསེར་གྱི་རྟགས་མས་གཙོ་བྱས་ཏེ།།
གཟེངས་རྟགས་མང་པོས་མཆོད་དེའི་འཁྲུངས་སྐར་བསུ།།
ལྷག་པར་ཐུབ་པ་ཆེན་པོའི་རིང་ལུགས་ལ།།
ལམ་སྟོན་སྒྲོན་མེར་གྱུར་བ་ཉག་གཅིག་པོ།།
རྒྱལ་བསྟན་ཡོངས་ཀྱི་མངའ་བདག་གསོལ་བ་ན།།
གྷོ་ཏམ་གཉིས་པར་གྱུར་དེའི་འཁྲུངས་སྐར་བསུ།།
འཕགས་པའི་ཡུལ་དུ་བསྟན་པ་སླར་དར་ཆེད།།
ཐུགས་བསྐྱེད་དམ་བཅའ་བཞི་པ་མཛད་པ་ཡི།།
རྒྱ་གར་པཎ་གྲུབ་ཡོངས་རྫོགས་འཁྲུངས་འདྲ་བའི།།
སྐྱབས་མཆོག་ཕྱག་ན་པད་མོའི་འཁྲུངས་སྐར་བསུ།།
མདོར་ན་དུས་རབས་འདི་ཡི་ཉིན་བྱེད་དེ།།
འགྲོ་བའི་མགོན་པོ་བསྟན་འཛིན་རྒྱ་མཚོ་ཡི།།
མཛད་པའི་ཟུར་ཙམ་ཡི་གེར་ཕབ་བྱས་ནས།།
གྱ་ལྔའི་འཁྲུངས་སྐར་བསུ་ལ་བདག་སྤྲོ་འོ།།
འདི་ཙམ་གྱིས་ནི་མཆོད་པ་བགྱིས་པའི་མཐུས།།
བདག་གི་དགེ་བའི་ས་བོན་ལེགས་འཕེལ་ནས།།
འདི་ཕྱི་གཏན་གྱི་སྐྱབས་གནས་དམ་པ་ཡི།།
སྐུ་ཚེ་མི་ཤིགས་བསྐལ་བརྒྱར་རབ་བརྟན་ཤོག།
ཞེས་པ་འདི་ཡང་སྤེན་པའམ་སྨྱུག་མིང་རིགས་གྲོལ་དུ་འབོད་པས་ཕྱི་ལོ་ ༢༠༢༠ ཟླ་ ༠༦ ཚེས་ ༠༥ ཉིན་༧གོང་ས་མཆོག་གི་དགུང་གྲངས་གྱ་ལྔའི་འཁྲུངས་སྐར་ཤིས་ཚིག་ཏུ་ཤར་མར་བྲིས།
Comments