ཉེ་ཆར་གྱི་བསྒྱུར་རྩོམ་ཚན་པ་གཉིས།



I have been a wanderer long
བདག་ནི་ཡུན་རིང་གི་མགྲོན་པོ་ཞིག།
                            ཇེ་ཏུ་ཀྲི་ཤི་ན་མུར་ཏི།
                             རིགས་གྲོལ་གྱིས་བསྒྱུར།
མི་རྟག་(སྒྱུ་མའི་)འཇིག་རྟེན་འདི་ཡི་ནང་།།
བདག་ནི་ཡུན་རིང་ཞིག་གི་མགྲོན་པོ་འོ།།

ཡིད་དུ་འོང་བའི་འཇའ་ཚོན་ཇི་བཞིན་དུ།།
འཕྲལ་ཀྱི་བདེ་བ་འཇིག་པ་རྟོགས་གྱུར་ཅིང་།།
མྱུར་དུ་སྟོང་པའི་དབྱིངས་སུ་ཡལ་བ་ཡི།།
(རང་བཞིན་)དེ་ཡང་བདག་གིས་རྟོགས་ཡོད་དོ།།



འཇིག་རྟེན་གྱི་ནི་རང་བཞིན་ཉིད་ལས་ནི།།
དགའ་དང་མཛེས་སྡུག་འཕྲལ་དུ་བདེ་སྟེར་བའི།།
ཆོས་དངོས་ཐ་དག་འགྱུར་བའི་ཆོས་ཉིད་དོ།།

བདག་གི་སྤྲོས་མེད་བྱང་ཆུབ་དུས་སུ་ནི།།
ཤིང་ལོ་མཉེན་པོ་ལྟ་བུ་ཡིན་པར་ངེས།།
སྟོན་གྱི་དུས་ན་ཉ་རྒྱས་གཡའ་དག་པའི།།
ཟླ་བ་བཞིན་དུ་བདག་ཀྱང་ཡིན་པར་ངེས།།

རྒྱ་མཚོ་ཡི་ནི་ཐིགས་པ་ཇི་བཞིན་དུ།།
དགུན་དང་དཔྱིད་ཀ་མང་པོའི་དུས་ཡུན་ལ།།
རང་ལ་འཐིམ་པ་བདག་ནི་ཐར་པ་ཡི།།
རྒྱ་མཚོའི་དབུས་སུ་སྐྱེས་པ་ཡིན་པར་ངེས།།

ཡ་མཚན་ཆུ་བོ་ཡངས་པའི་རྒྱ་མཚོ་རུ།།
འཇུག་པ་ཇི་བཞིན་བདག་ཀྱང་ཐར་པ་ཡི།།
འཇིག་རྟེན་ནང་དུ་ཞུགས་པ་ཡིན་པར་ངེས།།
འདི་ནི་བདག་གིས་རྟོགས་པའི་མཐའ་མ་འོ།།
                     ༢༠༡༩།༡༡།༢༤ ཉིན།


བདག་ལ་མིང་གིས་དབེན།
                       ཇེ་ཏུ་ཀྲི་ཤི་ན་མུར་ཏི།
                             རིགས་གྲོལ་གྱིས་བསྒྱུར།
བདག་ལ་མིང་གིས་དབེན།
བདག་ནི་ལ་ཁའི་བསེར་བུ་ལྟར་དྭངས་པ་དེའོ།།

བདག་ལ་ཁྱིམ་གཞི་མེད་ཅིང་།
བདག་ནི་(ལྷུང་ལྷུང་དུ་)མྱུལ་བའི་ཆུ་བོ་དེའོ།
བདག་ལ་འདོད་ལྷ་ལྟར་མཆོད་ཁང་མེད་ཅིང་།
ལྷ་ཁང་ཆེན་པོ་དག་གི་གྲིབ་གཟུགས་ན་ཡང་མེད་དོ།།
བདག་ལ་རྩ་ཆེའི་ཆོས་དཔེ་དག་མེད་ཅིང་།
སྲོལ་རྒྱུན་གྱི་དུས་ཆེན་ཁྲོད་དུ་ཡང་མེད་དོ།།
བདག་ནི་བདུག་སྤོས་(ཀྱི་དྲི་བསུང་)ཁྲོད་དུ་དང་།
ཆོ་ག་ཡི་བརྗིད་ཉམས་དབུས་སུ་མེད་ཅིང་།།
མཆོད་ཤོམ་སྟེང་འཛེགས་མཁན་དེ་ཡང་མིན་ནོ།།
བདག་ནི་འབུར་བརྐོས་ཀྱི་འདྲ་གཟུགས་ནང་མེད་ཅིང་།
ཟབ་ཅིང་སྙན་པའི་དབྱངས་རྟ་ཡི་ཁྲོད་ཀྱང་མེད་དོ།།
བདག་ལ་གྲུབ་མཐའི་རྣམ་བཞག་གིས་མ་བཅིངས་ཤིང་།།
དད་པས་ཀྱང་རུལ་དུ་མ་བཅུག།
བདག་ནི་ཆོས་ལུགས་ཀྱི་བཙན་དོང་དུ་མ་ཚུད་ཅིང་།
ཆོས་དཔོན་དག་གི་དགེ་སེམས་ཀྱི་ངལ་དུབ་ནང་དུ་ཡང་མ་ལྷུང་།
བདག་ནི་ལྟ་གྲུབ་ཁག་གི་རྙིར་མ་ཚུད་ཅིང་།
ཆོས་བརྒྱུད་དག་གི་གཉའ་གནོན་འོག་ཏུ་ཚུད་མ་མྱོང་།
བདག་ནི་མཐོ་མིན་དམའ་མིན་ཞིག་སྟེ།
བདག་རང་མཆོད་མཁན་ཞིག་དང་མཆོད་ཡུལ་ཞིག
བདག་ནི་རང་དབང་བ་ཞིག་གོ།
བདག་གི་གླུ་ནི་ཆུ་བོའི་གླུ་དབྱངས་སྟེ།
ས་མཐའ་ནས། ས་མཐར་(མྱུལ་བཞིན།)
ཡངས་པའི་རྒྱ་མཚོར་འབོད་པ་བྱེད་པ་དེའོ།།

བདག་ལ་མིང་གིས་དབེན།
བདག་ནི་ལ་ཁའི་བསེར་བུ་ལྟར་དྭངས་པ་དེའོ།།
                    ཕྱི་ལོ་  ༢༠༡༩།༡༡།༢༠  ཉིན་བར་སེང་སྐབས་བསྒྱུར།

Comments

Anonymous said…
ཡག་པོ་འདུག

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།