ཡིག་རྒྱུགས་སྐབས་སློབ་མ་ཚོར་ཀུ་རེའི་ཚུལ་དུ།
དྲི་བ་དག་གིས་བཙིར་ནས་ཡོད།།
མཛུབ་མོ་དེ་དག་འདར་ནས་ཡོད།།
ཨིན་ཇིར་ལད་ཟློས་བྱེད་པ་དག།།
ཁ་ཡི་སྒྲ་ཡང་ལྡིབ་བམ་སྙམ།།
མགོ་བོ་སེར་འོད་འཁྱུག་པ་ཙམ།།
ཐ་སྙད་དག་ལ་འཚེར་ཨེ་འདུག།
སྦྲགས་མ་སྨྲ་ལ་བྱང་བ་དག།
རང་སྐྱ་འཕེར་ཙམ་ཨེ་འདུག་གམ།།
དྲི་བས་ཡོངས་སུ་བཞུས་པ་ཡིས།།
རྔུལ་ཆུ་སྣུམ་ནག་ཆིལ་ལེེར་བཞུར།།
དྲི་མ་དག་གིས་བསྣུན་པ་ཡིས།།
བདག་གི་སྣ་ཡང་དཀའ་ཙམ་བྱུང་།།
དུས་གསུམ་གོག་པའི་བྱ་ཚིག་དག།
གྲོག་མ་བཞིན་དུ་འུར་གྱིན་ཡོད།།
དག་ཆ་བསྐམས་པའི་མིང་ཡིག་དག།།
ལྷོ་ཡི་སེར་བའི་ཚོད་དུ་འབབ།།
གཡས་ལ་ཕྱོགས་པའི་མིག་ཟུར་དེས།།
ཅི་ཞིག་རྙེད་ན་སེམས་པ་སྟེ།།
གཡོན་ལ་གཅུས་པའི་སྐེ་ཟུར་དེས།།
གང་ཞིག་འཆར་རྒྱུར་རེ་བ་འོ།།
མིག་སྤུ་ཅུང་ཙམ་གཤགས་པ་དེས།།
ཨིན་སྐད་སྨྲ་གི་ཨེ་འདུག་གམ།།
གོས་ཐུང་བཅུར་ནས་གྱོན་པ་དེས།།
ཨིན་ཡིག་འབྲི་གི་ཨེ་འདུག་གམ།།
དྲིས་ལན་ཐེབས་པ་མི་འདུག་ན།།
སྨྱུ་གུ་ཟོས་པས་ཅི་ལ་ཕན།།
ཁྱོད་ཀྱིས་སྦྱང་པ་མ་བྱས་པར།།
བདག་ལ་མིག་ལོག་མ་བལྟ་ཞིག།
ཨིན་བྲོ་འུར་འུར་འཁྲབ་པ་ལྟར།།
སྨྱུ་གུས་འཁྲབ་ཀྱི་ཨེ་འདུག་གམ།།
ཧེ་དང་ཡུ་སོགས་ཆག་པོ་དག།
ལན་ལ་རེ་བ་ཨེ་འདུག་ལགས།།
ཁ་ཡི་ཨིན་གཞས་རལ་པོ་དག།།
དེ་རིང་སྤྱོད་ས་མི་འདུག་གམ།།
བྷིཊི་ཨེས་དང་ཇ་ས་ཊིན་སོགས།།
དེ་རིང་ཡིད་ལ་ཨེ་ཤར་རམ།།
དྲིས་ལན་རྐང་ཆག་ལག་ཆག་དག།
སུ་ཡི་སེམས་པ་གསོད་བྱེད་ཡིན།།
ཁ་ཡི་བསྲེས་སྐད་སྦྲགས་སྐད་དེ།།
སུ་ཡི་མགོ་ལ་གཞུ་བྱེད་ཡིན།།
མོན་གྷོ་གཏན་ཉིན་སློབ་གྲྭ་ནས།།
སྐྱེས་བུ་ཞིག་ལ།
མཁའ་ལ་ཟླ་འོད་འཕྲོ་དུས།།
ས་ཁའི་མུན་པ་བཅོམ་སྐད།།
དཀར་གསལ་ལམ་ཆེན་སྟེང་དུ།།
གོམ་པའི་འདེགས་ཕྱོགས་བདེ་སྐད།།
དབྱིངས་ནས་ས་གཞི་འགུལ་དུས།།
རླུང་བུས་ཕྲག་དོག་བྱས་སྐད།།
བྲག་ཆ་རྣ་ལ་ལྷུང་ཡང་།།
འཛུམ་གྱི་མེ་ཏོག་བཞད་སྐད།།
དཀར་འོད་མདངས་ལ་ཐིམ་དུས།།
སྐར་མས་ཟུར་ཟ་བྱས་སྐད།།
ཀུ་མུད་གྲོགས་སུ་འདུས་ཚེ།།
སྨག་གིས་ལེ་འཁོན་བྱུང་སྐད།།
སྤྲིན་པའི་འདུ་ལོང་མཐུག་དུས།།
ཞི་བའི་འོད་ཆེན་འཕྲོ་སྐད།།
འབྲུག་སྒྲའི་གཙེར་སྐད་དྲག་དུས།།
བཟོད་པའི་ཉན་ཆས་གྱོན་སྐད།།
༢༠༡༩།༠༢།༢༥ ཉིན་ཤེས་རིག་ཚོགས་ཆེན་ཐོག
ནམ་ལངས་དུས།
ནམ་ལངས་དུས།
ས་སྲོད་ཀྱི་ཚོར་བ་བརྗེད་འགྲོ་བ་ནི།
རྒྱུན་ལྡན་ཞིག་གམ།
རྨི་ལམ་དུ་འཁོར་བ་དག
མཚན་མོ་ཡི་འཆར་ཡན་ཏེ།
བསྙབ་ཏུ་མེད་པའི་དངོས་རྫས་འགའ་ཞིག
རབ་རིབ་ཏུ་འཆར་ཡོང་བ་དེ་དག་ཀྱང་།
དོན་དུ་ཁྱོད་ལ་བརྙས་བྱེད་པ་དག་སྟེ།
རྨི་ལམ་ངོ་མ་ལ་བར་ཆད་གཏོང་བ་དེའོ།།
༢༠༡༩།༠༤།༠༩ ཉིན། རིགས་གྲོལ།
དབྱངས།
ཉིན་འདི་ཚོར།
ང་རང་བསམ་གཞིག་ཀློང་ན་འཐིམ་སོང་།
ཚ་བས་བཟི་བའི་ཤིང་སྡོང་ལྟར།
ཡལ་ག་དང་ལོ་མ་ཡང་འགུལ་མ་ཐུབ།
ཁ་སྒོ་ནས་འཐོན་པ་ཡང་།
སྒྲུང་གཏམ་ལྟ་བུའི་སྨྱོ་བཤད་འགའ་ཡིན་ངེས།
བསམ་གཞིག་གི་ཀློང་ནས།
བདག་གིས་རྨི་ལམ་ལྟ་བུའི་དབྱངས་ཤིག་འཐེན།
བྲག་ཅ་མེད་ལ།
བཅོས་མ་མིན་པའི་དབྱངས།
སྙན་ཆ་ཆེ་ལ།
ཐོས་ན་དགའ་བའི་དབྱངས།
མཚམས་ལ་ལར་རྒྱ་མཚོ་བརྒལ་ཞིང་།
མཚམས་ལ་ལར་ས་གཞི་གཡོ་ཞིང་འགུལ་ཡང་།
དོན་དུ་ཆུང་ཆུང་ཞིག་སྟེ།
བདག་ཉིད་ཀྱིས་འཐེན་ཞིང་བདག་ཉིད་ཀྱིས་ཉན་པའི་དབྱངས་ཡ།
ཁྱེད་ནི་བདག་གི་འཚོ་བ་ཡིན་ནམ།
ཁྱོད་ནི་བདག་གི་ཕུགས་བསམ་ཡིན་ནམ།
དོན་དུ་ཁྱེད་ནི་བདག་གི་དབུགས་ངག་སྟེ།
ཕ་མེས་ཡང་མེས་ཚོས་གནང་བའི་ཚེ་སྲོག་དེའོ།།
༢༠༡༩།༠༤།༡༡ ཉིན་འཛིན་གྲྭའི་བར་སེང་སྐབས།
Comments