སེམས་པ་ཐོགས་པ།


སེམས་པ་ཐོགས་པ།

སེམས་པ་ལང་ལ་ཤོར་བའི་རྟ་རྒོད་དེ།།
གྲོགས་མེད་རི་ལ་འཛེགས་འདྲའི་སྣང་བ་ཡིས།།
འཚེར་སྒྲ་དབྱངས་ལ་བསྟིམས་པའི་ལོ་རྒྱུས་དག།
ངག་གི་ལྷ་མོར་བཤད་པ་ཉུང་ཉུང་མིན།།


ཚོར་བའི་གཟི་འོད་འཕྲོ་བའི་མཁའ་དབྱིངས་ན།།
ཁེར་རྐྱང་ཤུགས་ལ་བཏབ་པའི་ཀི་སྒྲ་དག།
ཚིག་གི་ཕྲེང་བར་བརྒྱུས་པའི་མེ་ཏོག་སྟེ།།
སུ་ཡི་མགུལ་ལ་འཁྱུད་པའི་སྐེ་རྒྱན་ནོ།།

ལེ་བར་སྟོང་ལ་ཆོད་པའི་བར་མཚམས་ནས།།
དམར་ཆུང་སྙིང་ལ་ཡོ་ལང་རྒོད་ན་ཡང་།།
དྲན་པའི་ངོས་ལ་གསལ་བའི་རི་མོ་ཁྱོད།།
བདག་གི་རྨི་ལམ་ཆགས་སའི་ངོ་གདོང་ཞིག།

རླུང་བུས་འུར་གྱིས་བསླངས་བའི་ཞོགས་པ་རེར།།
འདུན་པའི་དྲག་ཆར་བབ་པའི་ཞོགས་པ་རེར།།
སྨུག་པས་ངོ་གདོང་བཀག་པ་བཙན་ན་ཡང་།།
ཁྱོད་ནི་སེམས་སུ་རུམ་པའི་ཞི་བདེ་དེའོ།།

 བརྩེ་བའི་འབྲུག་སྒྲ་ཞིག་ནི་མ་ཐོས་ཀྱང་།།
གཏིང་ནས་འདུ་ལོང་ཞིག་གིས་སྐུལ་བ་ཡིས།།
ཧོལ་གྱིས་བསྡམས་པ་ལྟ་བུས་བརླན་བྱུང་བ།།
ཁྱོད་ཀྱི་ཚབ་ཏུ་ཕེབས་པ་མ་ཡིན་ནམ།།

མེ་ཏོག་སྣ་ཚོགས་བཞད་པ་མཐོང་སོང་ཡང་།།
བརྩེ་བའི་གེ་སར་ཅན་པོ་འདི་ཉིད་ཙམ།།
ལྷགས་པས་འཁྱེར་ནས་ཡོང་བ་མ་ཡིན་ཏེ།།
ཁྱོད་ཀྱིས་བཏང་བའི་དུང་བའི་ཕོ་ཉ་འོ།།

ཡིད་སེམས་བདེ་ལ་བསྐོས་པའི་དྲི་བསུང་གིས།།
བདག་གི་མགྲིན་པར་བསྐྱིལ་བའི་སྙིང་གཏམ་འདི།།
ཁྱོད་རང་མཛེས་སྡུག་ཅིག་ཏུ་སྒོམ་བཞིན་དུ།།
སྙན་ངག་ཅིག་གིས་རི་མོ་བཞེངས་ཙམ་བྱས།།
༢༠༡༨།༡༠།༠༧   ཉིན།








Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།