འགྲུལ་བཞུད་པ།

མིག་ཟུང་མདུན་ལ་ཕྱོགས་པའི་རེ་བ་དེས།།
སེམས་པའི་ཁ་མདོག་མོག་པོར་བྱས་པ་ཡིས།།
རྐང་ལམ་མགོ་རྔ་མེད་པའི་སྒལ་སྟེང་ནས།།
རྡོག་ཁྲེས་ཕྲག་ལ་འཁུར་བའི་ངལ་བ་བསྟེན།།

མདུན་ལམ་དོག་པོ་ཞིག་ལ་མིག་བསྲིངས་ཏེ།།
ཡིད་ཀྱི་འདུན་པ་གོང་དུ་འཕེལ་ན་ཡང་།།
ལུས་ཀྱི་ངལ་བ་འཁྱོག་པོའི་འགྲོས་ཆུང་དེས།།
ཆང་དམ་བཅུ་ཡིས་བཟི་བ་གྲོགས་སུ་བཀུག།


བར་སྣང་མཐིང་ག་ཅན་དེར་ཁ་ཕྱོགས་ས།།
ཡིད་ཀྱི་སྒོ་ཁར་འཇའ་ཚོན་ཤར་ན་ཡང་།།
རྐང་འགོ་རྡོ་ལ་བརྡབ་པའི་ན་ཟུག་དེས།།
ལུས་ཀྱི་སྟོད་སྨད་འཇིག་པའི་གཡང་དུ་འཁྲིད།།

ཉི་ཟེར་མེ་ཏོག་འདྲ་དེར་བློ་བཅོལ་བས།།
ཡོད་ཚད་མིག་གི་སྨན་དུ་གྱུར་ན་ཡང་།།
ལུས་ཀྱི་སྐྱི་པགས་མེ་ལ་སྲོ་བ་དེས།།
ཟུངས་ཀྱི་སྙིང་པོ་གཤེར་ཁུའི་གསང་དུ་བརྫངས།།

དྲི་གཞོན་བར་ནས་འགྱུ་བའི་མཛེས་སྡུག་གིས།།
སེམས་པའི་ངལ་བ་ཅུང་ཙམ་སེལ་ན་ཡང་།།
ངོ་ན་འགྲམ་ལྕག་ཞུ་བའི་ངང་ཚུལ་དེས།།
ང་ཡང་ཁྱོད་ལ་སྐྲག་པའི་སྣང་བ་སྟེར།།

ཆར་པ་ཟིམ་ཟིམ་ཞིག་གི་རྗེས་ཟིན་ནས།།
སྐོམ་པའི་གདུང་བ་ཡུན་གྱིས་གསོས་ན་ཡང་།།
རྒྱབ་ཀྱི་ཁུག་མ་རློན་པར་བྱས་པ་ཡིས།།
ཡོད་ཚད་ཆུ་ལ་བསྐུར་བའི་ཚོར་བ་བྱུང་།།
                                           ༢༠༡༣།༡༠།༢༢ ཉིན།།



Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།