བོད་ཀྱི་སློབ་གསོ་དང་བརྩེ་གདུང་སློབ་གསོ་ཅུང་གླེང་བ།
སྤྱིར་སློབ་གསོ་ཞེས་པ་ནི་མིའི་སེམས་ཁམས་ལ་ཤན་ཤུགས་དང་། མི་བུ་གསོ་སྐྱོང་གི་ནུས་པ་ལྡན་པའི་སྤྱི་ཚོགས་ཀྱི་བྱ་འགུལ་ལམ་ལག་ཆ་གལ་ཆེན་ཞིག་རེད། འགྲོ་བ་མིའི་རིགས་འདི་ཐོག་མར་འཛམ་གླེང་འདིར་བསླེབས་ཉིན་ནས་སློབ་གསོ་ནི་མིའི་སྤྱི་ཚོགས་སུ་བྱུང་མྱོང་ཞིང་། དེ་ནས་ད་ལྟ་ཕྱི་རྩིས་ ༢༠༡༣ བར་སློབ་གསོ་རིག་པས་མིའི་འདུ་སྡོད་བྱ་ཡུལ་མཐའ་དག་ལ་ཞབས་འདེགས་མི་དམན་པ་རེ་ བསྒྲུབས་ ཡོད། འོནཀྱང་སློབ་གསོ་ནི་མིའི་རིགས་འདུ་སྡོད་བྱེད་སའི་སྤྱི་ཚོགས ་ རེ་རེའི་སྣང་བརྙན་གསལ་བྱེད་ལྟ་བུ་ཡིན་པས་དེ་ཐོག་མ་ནས་ད་བར་གཅིག་པ་ཡིན་མི་སྲིད་ཅིང་། འགྲོ་བ་མིའི་སྤྱི་ཚོགས་དག་ལ་འགྱུར་བ་ནམ་བྱུང་གི་མཚམས་ནས་དེ་ལ་ཡང་འགྱུར་བ་རེ་ཕྱིན་ཡོད། དུས་རབས་ཀྱི་ཀྱོག་མཚམས་ལ་ལར་མིའི་རིགས་ཀྱིས་དངོས་ཤུགས་བརྒྱུད་གསུམ་ནས་སློབ་གསོའི་ཁ་ཕྱོགས་དང་། ཉིང་དོན་སོགས་ལ་བཅོས་སྒྱུར་མང་པོ་བྱས་མྱོང་བ་རེད། མིའི་འདུ་སྡོད་བྱ་བའི་སྤྱི་ཚོགས་དང་རྒྱལ་ཁབ་སོགས་མི་འདྲ་བ་མང་དུ་བྱུང་བ་བཞིན་དུ་སློབ་གསོ་ཡང་གནའ་རབས་ནས་ད་བར་མིའི་སྤྱི་ཚོགས་སོ་སོར་མི་འདྲ་བ་ཡིན།