སེམས་ཁོང་གི་ལྷ་བྱ་དཀར་མོ།
སྐྱ་རེངས་ལྷ་མོས་མདང་ནུབ་ཀྱི་སྨག་རུམ་རྒས་པོར་ཕར་རྐྱེལ་དང་།
དེ་རིང་གི་ཉི་ཟེར་གཞོན་ནུར་བསུ་བ་བྱེད་དུས།
གཟུགས་མེད་ཀྱི་སྐྱི་བསིར་སྡུག་མོས་ཀྱང་རང་རྟར་བཞོན་ནས་འཇིག་རྟེན་འདིའི་སེང་རས་ཡོད་ཚད་ལ་མྱུལ་མོ་བྱེད་པ་ནི།
ཁ་སང་གི་ནག་ནོག་གོས་པའི་བྱ་བ་དག་ལ་བྱི་དོར་ཐེངས་ཤིག་བྱས་པ་རང་རེད།
མཛེས་སྡུག་གིས་ཡོངས་སུ་བཀླུབས་འདྲའི་ས་གཞི་འདིའི་གྲུ་ཟུར་ཞིག་ནས་གནའ་རིག་གི་ཨ་མ་རྒས་མོས་བརྙན་པར་དང་འདྲ་སྐུའི་དབུས་ནས་འཛུམ་ཟེར་དགོད་བཞིན།
འདས་ཟིན་པའི་བགྲང་བྱ་དག་ལ་ཕྱིར་དྲན་ཐེངས་ཤིག་བྱེད་པ་ནི་དེ་འདྲའི་མཚར་ཞིང་།
རིག་གསར་གྱི་ཕོ་རྒོད་དར་མས་ཀྱང་དལ་ཅག་གི་ས་གཞི་ཡངས་མོ་རྨི་ལམ་གྱི་ཞིང་ས་ནས་ཤུགས་ཀྱིས་སློང་བ་ནི་ལྟེས་དབང་གིས་འདེད་པའི་མཚོན་མདངས་ཤིག་རེད་ཨང་།
ད་དུང་ཡང་།
ལྗང་ལྗང་གི་ལོ་འདབ་རབ་ཏུ་བཞད་པའི་ལྗོན་ཤིང་དག་གི་རྩེ་མོ་ནས་བསིལ་མངར་གྱི་ཟེའུ་འབྲུ་བཞིན་པའི་བྱེའུ་ཆུང་དག་གིས་སྙན་འཇེབས་ཀྱི་གླུ་དབྱངས་གྱེར་བཞིན་གཤོག་ཟུང་བྲོ་གར་རྩེན་གྱིན་སུ་ཞིག་ལ་བསུ་བ་བྱེད་པའི་ངང་ཚུལ་འདི་ངེད་གཉིས་ལ་གསར་སྐྲུན་དང་གསར་བྱུང་གི་ལང་འཚོར་མཉམ་ཟུང་གི་ལྟད་མོ་རུ་འབོད་པ་མ་རེད་དམ།
ལྷ་བྱ་དཀར་མོ།
དེ་རིང་རྟོགས་སད་ཀྱིས་དེད་པའི་ལམ་ཆུང་དེའི་བཞུར་རྒྱུན་ཡོད་ཚད་ནས་འཛུམ་མདངས་རབ་ཏུ་བཀྲ་བའི་ན་ཟླ་ཕོ་མོས་མཐུན་སྒྲིལ་གྱི་ལག་གདང་དམ་པོར་སྦྲེལ་ནས་ཡོང་བཞིན་པའི་ལོ་ཟླར་རི་མོ་གསར་པ་རེ་སྣོན་པ་ནི།
ཁྱོད་དང་ང་ལ་བྱིན་པའི་ལས་དབང་གི་ལམ་བུ་གསར་མ་ཞིག་དང་གཉིས་སུ་མ་མཆིས།
དེས་ན་ཆུ་ཚོད་ཀྱི་རྐང་བརྡ་རེ་རེའི་ཚག་སྒྲའི་ཁྲོད་ན་ངས་ང་རང་གི་ལས་དབང་བཙན་པོར་ཚོད་བགམ་རེ་བྱེད་ཀྱིན།
དཔྱིད་གསུམ་གྱི་མྱུ་གུ་ཡོད་ཚད་ཁྱོད་ལ་ལྟོས་ནས་སྐྱོང།
དབྱར་གསུམ་གྱི་མེ་ཏོག་ཡོད་ཚད་ཁྱོད་ཀྱི་མཛེས་སྡུག་ལ་བསམ་ཞིང་གཉེར།
སྟོན་གསུམ་གྱི་འབྲས་བུ་ཡོད་ཚད་ཁྱོད་ལ་རེ་བས་འཐོག།
དགུན་གསུམ་གྱི་གྲང་ངར་བཙན་པོ་ཁྱོད་ཀྱི་ཆེད་དུ་མྱོང་། མདོར་ན།
ད་ལྟ་ངའི་ཁོར་ཡུག་ན་ཡོད་པའི་དངོས་རྫས་ཡོད་ཚད་ཀྱི་ཐོག་ན་ཁྱོད་ཀྱི་ལང་འཚོའི་མེ་ཏོག་མཚར་པོ་རེ་བཞད་འདུག་པ་ནི།
ཁྱོད་ཀྱིས་ང་ལ་བྱིན་པའི་སྙན་ངག་གི་བརྗོད་བྱ་མཛེས་པོ་ཞིག་རང་རེད།། ལྷ་བྱ་དཀར་མོ།། འོན་ཀྱང་།
འདས་ཟིན་པའི་ལོ་ཟླའི་དུར་རླུང་གི་ཁྲོད་ལང་འཚོའི་གཤོག་ཟུང་དྲོན་མོས་མཁའ་དབྱིངས་ཡོད་དོ་ཚད་ཀྱིས་འཇལ་དུས།
སེམས་འགྱུ་ངར་མ་ཞིག་གིས་ཁྱོད་ལ་གསར་བསྐྱེད་ཀྱི་བློ་སྟོབས་བྱིན་མྱོང་ཞིང་།
ལས་དབང་ངར་མས་བཙས་པའི་ན་ཟུག་ལྕི་མོ་ཞིག་གིས་སྙིང་ཆུང་ན་སྡང་རྐྱེན་ཁྱོད་ཁོ་ནས་བཟོད་གླགས་དཀའ་བའི་སྡུག་བསྔལ་ཅི་འདྲའི་མང་པོ་མྱངས་ཡོད་ཨང་།
གང་ལྟར་མཛེས་སྡུག་གིས་སྤུས་པའི་ཁྱོད་ཀྱི་བྱད་བཞིན་སྒོར་མོ་མིག་ཟུང་ལ་འཆར་ཐེངས་རེར་ངའི་དོན་ལྔ་སྣོད་དྲུག་གི་དཀྱིལ་སྙིང་ལ་ཇི་འདྲའི་དགའ་བ་རྒྱས་མྱོང་ཞིང་།
འགྱོད་གདུང་གིས་མནར་བའི་གྱ་གྱུའི་གཟུགས་རིས་ངན་མ་མཐོངས་ཐེངས་རེར་ཡ་ང་དང་སྙིང་རྗེ་ལས་སྦྲུམས་པའི་མཆི་རྡོག་གང་མང་ཁྱོད་ཀྱི་ཕྱོགས་སུ་ཤོར་མྱོང་བ་ནི།
ཁྱོད་ཀྱིས་ང་ལ་བྱིན་པའི་ཕུག་བསམ་གྱི་མེ་ལྕེ་དམར་པོ་ཞིག་དང་།
ངས་ཁྱོད་ལ་བཅངས་པའི་རེ་སྒུག་གི་ཕངས་སེམས་སྐྱོ་བོ་ཞིག་ཡིན་པ་མ་ཚོར་རམ། ལྷ་བྱ་དཀར་མོ།
ད་ལྟ་དུས་རླབས་གྱི་གུག་མོ་ཡོད་ཚད་ཁྱོད་ཀྱི་སེམས་འགྱུ་དང་ལྷན་བྲེལ་ཟིང་གི་རླུང་ཤུགས་ཆེན་པོར་འབྲེལ་ཟིན་ཞིང་།
ཐོབ་འདོད་དང་ཕྱུག་འདོད་ཀྱིས་བསླུས་པའི་གོ་ལ་འདི་ན་དབུགས་དལ་གྱི་རྒྱུ་བ་ལྷོད་པོ་ཞིག་འཐེན་དབང་བྲལ་ནའང་།
སྟོང་བསམ་གྱིས་བཟུང་བའི་ངའི་སེམས་ཆུང་ནི་འུ་གཉིས་ལ་དམིགས་པའི་སྒྱུ་མའི་ཁང་བཟང་ཞིག་ནས་སོས་དལ་གྱི་རྨི་ལམ་དྲོན་མོ་ཞིག་རྨིས་བཞིན་པ་ནི།
དུས་རབས་ཀྱི་བྱེད་པོར་སྐུར་འདེབས་ཚ་མོ་ཞིག་ཅི་ལ་མིན།
Comments