Posts

Showing posts from March, 2012

སྒྲོན་མེ།

སྒྲོན་མེ་ཆུང་ཆུང་ཞིག སྐབས་རེ་འབར་ཞིང་ སྐབས་རེ་ཞི་ ཡང་འབར་ ཡང་ཞི་ ཡང་འབར་ ཡང་ཞི་ དེ་ལྟར་ཡུན་རིང་རྗེས་ ཡང་འོད་མདངས་གང་ཆེ་དང་

‘’ ཁ་བ་་་་ ཁྱོད་ཡོང་རྒྱུ་ཨེ་ཡིན། “

མདང་ནུབ་སྒོ་དང་སྒེའུ་ཁུང་གི་སེང་བར་ནས་ སྨུག་སྤྲིན་དང་ཟིལ་ཆུ་འཛུལ་བས་ འབྱུང་ལུས་ཀུན་འཁྱག་གིས་བསྡམས་རྐྱེན་ ཁ་འདར་དང་བླ་འདར་ཁྲོད་ནས་ ཁྱོད་ལ་དྲན་པའི་སྣང་བ་ལྕི་མོ་ཞིག་གིས་ ང་རང་ལྷོད་ལ་བབས་མ་ཐུབ་ རེད་ཡ་་་་་་་་ བགྲང་བྱ་བཅུ་ཕྲག་གི་ཡར་སྔོན་ན་ ཁྱོད་ཀྱི་རབ་དཀར་གྱི་ཞིལ་ཁྱིམ་སྒོར་མོར་ འཛུམ་མདངས་ཀྱི་གཟི་འོད་འཕྲོ་བཞིན་ གཡའ་དག་པའི་འཇིག་རྟེན་དེར་བསུ་བ་རེ་བྱེད་དུས་ འཁོར་བ་དེ་ཇི་འདྲའི་མཛེས་སྡུག་གིས་བཀླུབས་པའི་རྩེད་ར་ཞིག་དང་

ཐོལ་བྱུང་མཐོང་བ་འཛུམ་ཤོར།

ང་རང་། ཁ་བ་བུ་ཡུག་འཚུབ་པའི་མཐོ་སྒང་ནས།། གངས་ལྷ་མེ་ཏོག་འཛུམ་མདངས་འཆོར་དུས་སུ།། ཨ་མའི་ལང་ཚོའི་བྱང་ཁོག་དྲོན་མོ་ལས།། ངུ་སྒྲའི་དབྱངས་རྟར་བཞོན་ནས་བསླེབས་པའི་བུ།། ཁྱོད་རང། རྨ་བྱ་དགའ་བས་མཛེས་སྡུག་ངོམས་ས་ན།། ཚ་ཟེར་རྔུལ་ཆུའི་མུ་ཏིག་འཁུངས་པའི་དུས།། ཨ་མའི་མངལ་ནས་དཔལ་གྱི་འབྲས་བུ་བཞིན།། ཀུན་གྱི་འདྲེན་བྱེད་རྒྱན་དུ་ཕེབས་པའི་སྲས།། ར་རང། དཔྱིད་རླུང་བསིལ་བས་ལྗོན་པའི་ས་བོན་དང།། སིམ་སིམ་ཆར་པས་ལྗང་གཞོན་གཉེར་དུས་སོགས།། བྱེའུ་ཆུང་འཇོལ་མོའི་གསུང་སྙན་གྲོགས་བཅོལ་ནས།། རི་ཀླུང་ཁད་ཀྱིས་འགྲིམས་ཏེ་ལུག་རྗེས་འབྲང།།

ཡ་རེ་ང་།

(མི ་རིགས་ཀྱི་ཆེད་རང་ལུས་མེར་སྒྲོན་མཁན་སྤུན་ཟླ་ཚོར། ) སྟོད་ཉི་མ་ཐག་རིང་ནུབ་ལ་བརྒལ། ། ས་དོག་མོས་སྨག་རུམ་གྲོགས་སུ་བཀུག།། ངེད་འགྲོ་བའི་མིག་ཟུང་མུན་སྟུག་པོར། ། སྤུན་སྒྲོན་མེའི་ཚོགས་ཀྱིས་འོད་འདྲེན་དུས། ། ད་ཕུ་ནུའི་སེམས་པ་ཡ་རེ་ང་། ། སྨད་ཟླ་བ་སྨུག་པོ་སྤྲིན་གྱིས་བསྒྲིབས། ། ཐུན་གསུམ་པོས་སྡུག་གི་བག་མ་བསུས། ། ངེད་མགོ་ནག་དམྱལ་བའི་གནས་མྱོང་ཚེ། །