Posts

Showing posts from June, 2018

ཇ་བཤད་ཁག་གཉིས།

Image
ཇ་བཤད། རྒྱ་ནག་དྲཱ་ཡི་བྲོ་བ།། ཞིམ་པོ་རང་ད་ཨེ་ཡོད།། དཀར་ཡོལ་འབྲུག་རིས་ཅན་ལ།། སེམས་པ་ཤོར་བས་མིན་ནམ།། བོད་ཇ་རིག་འཛིན་རྡོ་རྗེ།། སྐད་གྲགས་ཆེ་རྒྱུ་མི་འདུག། འབྲི་མོའི་མར་ཁུ་མེད་ན།། ལོ་མ་ཙམ་གྱི་ཁུ་རེད།། རྒྱ་གར་ཅཱ་ཡ་མངར་མོ།། བདུད་རྩི་སྨན་མཆོག་རེད་དོ།། འཐུང་ས་རྫ་ཁོག་ཡིན་ཡང་།། ལུས་ཀྱི་ངལ་བ་སེལ་འགྲོ།།           ༢༠༡༨།༠༦།༡༨ ཉིན། བོད་ཇ། ཇ་དེ་རྒྱ་དྲཱ་མི་དགོས།། ཁ་ཏིག་ཁ་བའི་རྒྱུ་རེད། དབུས་ཀྱི་བསྲུབ་མ་བྱུང་ན།། བྲོ་བ་དེ་གས་འགྲིག་པ།། རྒྱ་གར་མངར་ཇའི་རིགས་ནི།། གཅིན་སྙི་ལྡང་པའི་རྒྱུ་རེད།། ཨ་མདོ་ཚ་མེད་བྱུང་ན།། བྲོ་བ་དེ་གས་འགྲིག་པ།། ནུབ་ཕྱོགས་འཚིག་ཇ་ནག་པོ།། སྙིང་ནད་ལྡང་པའི་རྒྱུ་རེད།། ཁམས་ཀྱི་མར་ཁུ་བྱུང་ན།། བྲོ་བ་དེ་གས་འགྲིག་པ།།         ༢༠༡༨།༠༦།༡༨ ཉིན།

ཞུམ་པ།

Image
             ཞུམ་པ།              ༡ སྐལ་བ་བཟང་དུས། མི་རྣམས་ཀྱིས་ནམ་མཁའ་ལ་ཕུར་འདུག སྐབས་དེ་དུས་གཤོག་པ་མེད་ལ། འཕྲུལ་ཆས་ཀྱང་མེད་པར་ ཁོ་ཚོས་རང་གི་ནུས་པས་ཕུར་ཟེར།                   ༢ ང་ཚོ་ནི་དུས་རབས་ཀྱི་ལྕགས་དྲ་ལ་ཚུད་ཡོད། ལྕགས་སྐུད་བར་ནས་ཕྱི་རོལ་ན། ཅི་ཞིག་འབྱུང་གིན་པ་ཡང་མཐོང་གི་མེད་པས་ དེ་ཚོ་ལ་ཕྱིར་འདང་ཇི་ལྟར་བྱེད་དེ། རྫུན་ཚིག་ཏག་ཏག་ལ་སེམས་ཀྱིན་ཡོད།                 ༣ ང་ཚོ་ནི་རྩེད་ཆས་མི་འདྲ་བ་བཞིན། སུ་ཞིག་སྒོ་རའི་ནང་རྒྱུག་གིན་ཡོད་ལ་ ང་ཚོའི་མགོ་ཐོག་ན་གློག་སྐུད་མང་པོ་ཞིག གཅིག་གིས་ཅིག་ལ་སྦྲེལ་བ་ལྟར། དམར་ལྷེམ་ལྷེམ་འཁྱུག་གིན་འདུག                ༤ ལྕགས་ཀྱི་གཤོག་པ་བཞོན་ནས། རང་ཉིད་མཐོ་ས་ན་འཕུར་བར་སྙམ། དབུགས་ཧལ་ཧལ་བྱེད་པ་ཙམ་ལས་ རང་ཉིད་ཀྱི་ནུས་པ་ཅི་ཡང་མ་བཏོན་པ་མ་ཚོར་རམ།                 ༥ ཁྱེད་ཚོ་ནི་འཕྲུལ་ཆས་ཁོ་ན་སྟེ། གློག་རྒྱུན་གྱིས་གང་ལ་འཁྲིད་...

ཅི་མི་རུང་།

Image
                ཅི་མི་རུང་། ཉི་གཞོན་མཁའ་ལ་འཕྱོ་བ་མ་མཐོང་གོང་།། རླུང་བུའི་འུར་སྟངས་ཤིག་ཀྱང་མ་བསླེབ་སྔོན།། ཤིང་གི་ཡལ་ག་ལྟ་བུའི་ལུས་བླངས་ནས།། ཚོར་བས་དབེན་པར་བྱས་ན་ཅི་མི་རུང་།། རྩ་རྩེའི་ཟིལ་པ་གོར་མོ་མ་བསྐམ་གོང་།། ཆུ་ཡི་རླབས་ཀྱང་རླངས་པར་མ་འགྱུར་སྔོན།། བྱུ་རུ་མུ་ཏིག་ལྟ་བུའི་ལུས་བླངས་ནས།། ཀུན་ལ་དགའ་བ་བྱིན་ན་ཅི་མི་རུང་།། མཁའ་ལ་ལྕགས་ཀྱི་བྱ་རྒྱལ་མ་འཕུར་གོང་།། ས་ལ་ལྕགས་སྒམ་ནག་མོ་མ་རྒྱུ་སྔོན།། ལམ་གྱི་རྡོ་བ་ལྟ་བུའི་ལུས་བླངས་ནས།། འཇིགས་པས་དབེན་པར་ཉལ་ན་ཅི་མི་རུང་།། ས་ཁར་གྲོག་མ་ཟས་ལ་མ་བརྒྱུག་གོང་།། མི་རྣམས་རྩོད་པའི་ལས་ལ་མ་ཞུགས་སྔོན།། རིན་ཆེན་གསེར་དངུལ་ལྟ་བུའི་ལུས་བླངས་ནས།། ཀུན་གྱི་འདོད་དོན་བསྒྲུབས་ན་ཅི་མི་རུང་།། གྲོང་རྣམས་ཤན་པའི་ལམ་ལ་མ་ཞུགས་གོང་།། ཕྱུགས་རྣམས་གཡོག་པོའི་ལས་ལ་མ་འཐོན་སྔོན།། ཚང་ཚིང་སྟུག་པོ་ལྟ་བུའི་ལུས་བླངས་ནས།། སྙིང་རྗེས་དབེན་པར་ཉལ་ན་ཅི་མི་རུང་།། ས་གཞིའི་ཁ་དོག་ངན་པར་མ་སོང་གོང་།། བར་སྣང་ཡོངས་སུ་ཐལ་བས་མ་བསྒྲིབ་སྔོན།། ཆུ་ཡི་ཐིགས་པ་ལྟ་བུའི་ལུས་བླངས་ནས།། མཛེས་སྡུག་ཞལ་ངོ་བཀྲུས་ན་ཅི་མི་རུང་།། ...