Posts

Showing posts from 2015

ས་ཆ་ཞིག་ལ་བལྟས་པ།

  རིག་གཞུང་རིག་གཞུང་ཟེར་མཁན་མང་ས་འདིར།། གཞན་གྱི་ཆ་ལུགས་འཛིན་པ་མང་མང་རེད།། སྐད་ཡིག་སྐད་ཡིག་ཟེར་མཁན་མང་ས་འདིར།། གཞན་སྐད་བསྲེས་སྐད་འཆད་མཁན་མང་མང་རེད།།   ༸སྐྱབས་མགོན་སྐྱབས་མགོན་ཟེར་མཁན་མང་ས་འདིར།། ༸རྒྱལ་བར་མཚན་སྨོད་བྱེད་མཁན་མང་མང་རེད།། ལ་རྒྱ་ལ་རྒྱ་ཟེར་མཁན་མང་ས་འདིར།། རིགས་ཀྱི་བླ་སྲོག་འཚོང་མཁན་མང་མང་རེད།། བྱམས་སེམས་བྱམས་སེམས་ཟེར་མཁན་མང་ས་འདིར།། གཞན་གྱི་མགོ་མོ་སྐོར་མཁན་མང་མང་རེད།། སྙིང་རྗེ་སྙིང་རྗེ་ཟེར་མཁན་མང་ས་འདིར།། ཉམ་ཆུང་མགོ་བོ་གནོན་མཁན་མང་མང་རེད།།   ཕ་ཡུལ་ཕ་ཡུལ་ཟེར་མཁན་མང་ས་འདིར།། རང་ཁ་ནུབ་ལ་ཕྱོགས་པ་མང་མང་རེད།། ཆིག་སྒྲིལ་ཆིག་སྒྲིལ་ཟེར་མཁན་མང་ས་འདིར།། ཕྱོགས་རིས་འཐེན་འཁྱེར་ཅན་པོ་མང་མང་རེད།། 2014/01/08 ཉིན།